ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་དགུའི་ཉིན་གྲོས་ཆོད་བཀོད་དེ། འཛམ་གླིང་ཡོངས་ཀྱི་ན་གཞོན་ཞི་བདེའི་འཕེལ་རིམ་ནང་ཞུགས་པ་དང་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་དང་སྔོན་འགོག་བྱེད་པ་སོགས་ཐད་ཀྱི་ནུས་པར་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཆོད་དེའི་ནང་ལོ་བཅོ་བརྒྱད་ནས་ཉེར་དགུའི་བར་གྱི་མི་ན་གཞོན་དུ་ངོས་འཛིན་བྱས་ཡོད། གྲོས་ཆོད་ལས་བཤད་རྒྱུར། དྲག་ཆས་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཁྲོད། ན་གཞོན་གྱིས་མི་གྲངས་མང་ཤོས་ཟིན་ཡོད་པ་དང་། ན་གཞོན་གྱི་བསམ་བློར་ངན་སྐུལ་ཐེབས་ནས་དྲག་ཤུགས་ཐལ་སྤྱོད་རིང་ལུགས་ནང་ཞུགས་ན་འཇིགས་སྐུལ་རིང་ལུགས་ཀྱི་སྟོབས་ཤུགས་ཇེ་ཆེར་འགྲོ་སྲིད་ལ། གཏན་འཇགཇས་དང་འཕེལ་རྒྱས་ལ་འཇིགས་ཉེན་ཐེབས་སྲིད་ཟེར།

གྲོས་ཆོད་ལས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་བཟོད་སྒོམ་གྱི་ཐབས་ལ་བརྟེན་ནས་ན་གཞོན་དག་འཁྲུག་རྩོད་སྔོན་འགོག་དང་ཐག་གཅོད་བྱེད་པ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། དྲག་ཤུགས་ཐལ་སྤྱོད་རིང་ལུགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཆམ་ཕབ་གཏོང་དུ་འཇུག་པར་བསམ་བློ་གཏོང་དགོས་པར་མ་ཟད། ཞི་བདེའི་གྲོས་ཆོད་ལ་གྲོས་མོལ་དང་ལག་བསྟར་བྱེད་སྐབས་ན་གཞོན་གྱི་བསམ་འཆར་དང་ཟབ་ཞུགས་ལ་དོ་སྣང་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་ཁོར་ཡུག་བཟང་བོ་བསྐྲུན་ཏེ། ན་གཞོན་དག་དྲག་ཤུགས་བྱ་འགུལ་ལ་ཞུགས་པར་སྔོན་འགོག་དང་སྤྱི་ཚོགས་སུ་འདྲིས་པར་བྱེད་པའི་བྱ་འགུལ་ལ་རྒྱབ་སྐྱོར་བྱས་ཤིང་། སློབ་གསོའི་གསོ་སྦྱོང་དང་། དཔལ་འབྱོར་འཕེལ་རྒྱས་སོགས་ཐད་ནས་གོ་སྐབས་འདོན་སྤྲོད་བྱས་ནས། ཞི་བདེ་དང་བཟོད་སྒོམ། གྲོས་མོལ་གྱི་བཅས་ཀྱི་ནང་རྐྱེན་འཛུགས་པར་ཡར་སྐུལ་བྱེད་པ་དང་། ན་གཞོན་དག་དྲག་ཤུགས་དང་འཇིགས་སྐུལ་རིང་ལུགས། དགྲར་འཛིན་མཐོང་ཆུང་གི་བྱ་འགུལ་ནང་མི་ཞུགས་པའི་སྐུལ་མ་གཏོང་དགོས་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དྲག་ཆས་འཁྲུག་རྩོད་ཁྲོད་ན་གཞོན་དང་བཅས་པའི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་། དྲག་ཆས་མེད་པར་བཏང་སྟེ་ཕྱིར་སྤྱི་ཚོགས་ནང་ཞུགས་པར་བྱེད་སྐབས་ན་གཞོན་གྱི་དགོས་མཁོ་ལ་བསམ་བློ་བཏང་ནས། ཁོ་ཚོར་སློབ་གསོ་དང་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་དགོས་པ་ནན་བཤད་བྱས། གྲོས་ཆོད་ལས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ན་གཞོན་གྱི་ཞི་བདེའི་འཕེལ་རིམ་དང་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ཀྱི་བྱས་རྗེས་གལ་ཆེན་ལ་ཞིབ་འཇུག་བྱས་ཏེ་ཞིབ་འཇུག་གྲུབ་འབྲས་སྤྲོད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།