ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མ་ལིའི་ཙུང་ཐུང་ཁའེ་ཐ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་བསྒྲགས་རྒྱུར། རྒྱལ་ས་པ་མ་ཁོའི་ལིས་ཧྲིན་མགྲོན་ཁང་ནས་ཉིན་དེར་འཇབ་རྒོལ་དོན་རྐྱེན་བྱུང་བས། མ་ལིའི་རྒྱལ་ཡོངས་ཛ་དྲག་གི་གནས་བབ་དང་འཕྲད་ཡོད་ཟེར། མ་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་བདེན་དཔང་བྱས་པ་ལྟར་ན། འཇབ་རྒོལ་དོན་རྐྱེན་དེའི་ཁྲོད་ཀྱི་འདས་པོའི་ནང་དུ་ཀྲུང་གོའི་སྤྱི་དམངས་གསུམ་ཡོད་ཟེར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་།

ས་དེའི་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀ་ནས་དུས་ཚོད་བདུན་ཡས་མས་སུ། པ་མ་ཁོ་གྲོང་ཁྱེར་དཀྱིལ་དབུས་ཀྱི་ལིས་ཧྲིན་མགྲོན་ཁང་ལ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས། གནས་ཚུལ་དེ་མཐོང་མཁན་གྱིས་བཤད་པ་ལྟར་ན། འཇབ་རྒོལ་བ་ཕྱི་འབྲེལ་ཨང་བྱང་བཀལ་བའི་རླངས་འཁོར་ཞིག་ལ་བསྡད་ཏེ་མགྲོན་ཁང་དེར་ཐོན་པ་མ་ཟད་མགྲོན་ཁང་གི་བདེ་སྲུང་མི་སྣར་མེ་མདས་བརྒྱབ་པ་དང་། དེའི་རྗེས་སུ་མགྲོན་ཁང་དུ་སོང་ནས་འཇབ་རྒོལ་བྱས་ཏེ། མགྲོན་ཁང་གི་འགྲུལ་བ་དང་ལས་བཟོ་བ་བརྒྱ་དང་བདུན་ཅུ་ཙམ་གཏའ་མར་བཟུང་ཟེར།

མ་ལིའི་ནང་སྲིད་བདེ་འཇགས་ཁང་གི་མགོ་གཙོ་ཁའེ་ཐ་ཡིས་བཤད་རྒྱུར། མ་ལིའི་དམིགས་བསལ་དམག་དཔུང་གིས་སྔ་དྲོའི་དུས་ཚོད་དགུ་ཡས་མས་ནས་བཟུང་མགྲོན་ཁང་དེ་ནས་མྱུར་སྐྱོབ་འགུལ་སྐྱོད་སྤེལ་བ་དང་། ཕྱི་དྲོའི་དུས་ཚོད་བཞི་ལ་ཐོན་སྐབས། མགྲོན་ཁང་ནང་དུ་མི་གཏའ་གཅིག་ཀྱང་ལུས་མེད་ཟེར།

ཁའེ་ཐ་ཡིས་ཉིན་དེའི་དགོང་མོར་བྲེལ་མྱུར་གྲོས་ཚོགས་བསྡུས་པ་དང་། ཚོགས་འདུའི་རྗེས་སུ་མ་ལི་སྲིད་གཞུང་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། ཚེས་ཉི་ཤུ་ཉིན་གྱི་ནམ་གུང་ནས་བཟུང་མ་ལིའི་མངའ་ཁོངས་ཡོངས་རྫོགས་ཛ་དྲག་གི་གནས་བབ་དང་འཕྲད་པ་ཁྱབ་སྒྲོག་བྱས་ལ། དུས་ཡུན་ཉི་བཅུ་རེད་ཟེར། མ་ལི་སྲིད་གཞུང་གིས་ད་དུང་ཚེས་ཉེར་གསུམ་ཉིན་ནས་བཟུང་སྟེ། རྒྱལ་ཡོངས་ནས་ཐེངས་འདིའི་འཇབ་རྒོལ་ཁྲོད་ཀྱི་འདས་པོ་རྣམས་ལ་ཉིན་གསུམ་གྱི་རིང་མྱ་ངན་ཞུ་རྒྱུ་དང་། མྱ་ངན་གྱི་སྐབས་སུ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོས་རྒྱལ་དར་ཕྱེད་ཙམ་མར་འཕེན་རྒྱུའི་ཐག་བཅད་ཟེར།

ཁའེ་ཐ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས། བསྡོམས་པས་མི་ཉེར་གཅིག་མི་གཏའ་བཙན་ཁྲིད་དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་དུ་འཇིགས་སྐུལ་མི་སྣ་གཉིས་ཡོད་ཅེས་བསྒྲགས། ཡིན་ན་ཡང་ཕྱོགས་གཞན་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་དོན་རྐྱེན་ཁྲོད་ནས་བསྡོམས་པས་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་ཟེར།

མ་ལི་རྒྱལ་ཁབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱེད་རྒྱུར། ཀྲུང་གོའི་སྤྱི་དམངས་བདུན་དོན་རྐྱེན་བྱུང་སའི་མགྲོན་ཁང་དུ་གཏའ་མར་བཟུང་བ་དང་། དེའི་ནང་ཀྲུང་གོའི་སྤྱི་དམངས་གསུམ་སྟབས་མ་ལེགས་པར་ཚེ་ལས་འདས་ལ། ཀྲུང་གོའི་སྤྱི་དམངས་གཞན་པ་བཞི་བདེ་བླག་ངང་བསྐྱབས་ཟེར།

ཧྥ་རན་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉི་ཤུ་ཉིན་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། མ་ལི་སྲིད་གཞུང་གི་རེ་བ་ལྟར། ཧྥ་རན་སིས་འཇབ་རྒོལ་བྱུང་རྗེས་པ་མ་ཁོ་རུ་དམིགས་བསལ་དམག་དཔུང་ཞིག་མངགས་ནས། མྱུར་སྐྱོབ་འགུལ་སྐྱོད་ལ་རོགས་སྐྱོར་བྱས། དེས་མི་ཚད་ཧྥ་ན་སིའི་མཁའ་འགྲུལ་ཀུང་ཟིས་པ་མ་ཁོ་རུ་ཕར་འགྲོ་ཚུར་ཡོང་བྱེད་པའི་གནམ་གྲུ་ཡོངས་རྫོགས་འཕུར་མཚམས་བཞག

འཇིགས་སྐུལ་རྩ་འཛུགས་ན་སའེ་ཨར་རིང་ལུགས་རང་བཙན་ལས་འགུལ་ཞེས་པ་དེས་འཇབ་རྒོལ་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཁས་བླངས། རྩ་འཛུགས་དེ་ནི་མ་ལིའི་བྱང་ཕྱོགས་སུ་ཡོད་ལ། རྟེན་གཞི་རྩ་འཛུགས་དང་འབྲེལ་བ་དམ་པོ་ཡོད་པ་དང་། འཇིགས་སྐུལ་འཇབ་རྒོལ་མང་བོ་སྤེལ་མྱོང་།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉི་ཤུ་ཉིན་སོ་སོར་གསལ་སྒྲོག་སྤེལ་ནས། འཇིགས་སྐུལ་འཇབ་རྒོལ་དེར་རྒོལ་གཏམ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ཅི་འདྲ་ཞིག་ཡིན་རུང་། ཚང་མ་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ཐད་ཀྱི་འཇིགས་སྣང་ཚབས་ཆེན་ཡིན་པས། འཇིགས་སྐུལ་རིང་ལུགས་དེ་དུས་གང་གི་སྐབས་སུ་ས་གང་ནས་མི་སུ་ཡིས་ལག་བསྟར་བྱས་པ་དང་། དེའི་ནང་དམིགས་ཡུལ་ཅི་ཡིན་རུང་ཚང་མ་ནག་ཉེས་ཡིན་ཟེར། ཕན་ཅི་ཝུན་གྱིས་བཤད་རྒྱུར། ཐེངས་འདིའི་འཇབ་རྒོལ་ནི་མ་ལིའི་ཞི་བའི་འཕེལ་རིམ་ལ་གྲུབ་འབྲས་གལ་ཆེན་ཐོབ་པའི་སྐབས་སུ་བྱུང་བ་རེད་ཟེར། ཁོས་ཞི་བདེ་དང་འགྲིག་མཐུན་གྲོས་ཆོད་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་བཏང་བ་དང་། མ་ལིའི་དབང་འཛིན་ལས་ཁུངས་ཀྱིས་འཇིགས་སྐུལ་དང་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འབད་བརྩོན་ལ་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧུང་ལེ་ཡིས་ཚེས་ཉེར་གཅིག་ཉིན་ཀྲུང་གོའི་སྤྱི་དམངས་མ་ལིའི་འཇབ་རྒོལ་དོན་རྐྱེན་ཁྲོད་ནས་ཚེ་ལས་འདས་པའི་ཐད་ནས་གཏམ་བཤད་སྤེལ་ཏེ། ཀྲུང་གོ་འཇབ་རྒོལ་དོན་རྐྱེན་དེར་ཁོང་ཁྲོ་ལངས་ཏེ་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མཉམ་ལས་ལ་མུ་མཐུད་ཤུགས་བསྣན་ཏེ། ཕྱི་རྒྱལ་ན་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལས་ཁུངས་ཀྱི་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བཤད།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཁའེ་ཐ་ལ་འཕྲིན་ཡིག་བསྐུར་ཏེ། མ་ལིའི་འཇབ་རྒོལ་ཁྲོད་རྐྱེན་ཁྲོད་ཀྱི་འདས་པོ་རྣམས་ལ་མྱ་ངན་ཞུས་པ་མ་ཟད། མི་སྣ་ཚེ་ལས་འདས་པའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་། ཁོས་བཤད་རྒྱུར། དོན་རྐྱེན་དེས་ཨ་མེ་རི་ཁ་དང་མནའ་གྲོགས་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་སྔར་ལས་ཇེ་ཆེར་གཏོང་ངེས་ལ། ཨ་མེ་རི་ཁས་ཐལ་སྤྱོད་རྩ་འཛུགས་ལ་རྒོལ་ལན་དྲག་པོ་སྤྲོད་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་མ་ལིའི་མི་དམངས་ལ་རྒྱབ་སྐྱོར་བྱས། ཁོས་འཇིགས་སྐུལ་གྱི་ཉེན་ཁ་ཆེ་བའི་རྒྱལ་ཁབ་ན་ཡོད་པའི་ཧྥ་རན་སིའི་མི་རྣམས་ཀྱིས་སྔོན་འགོག་གི་བྱེད་ཐབས་སྤྱད་དེ། བདེ་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།