ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཚེས་ཉི་ཤུ་ཉིན་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་བཟོས་པའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་ཧ་ཅང་དྲག་པོ་བཏང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

གྲོས་ཆོས་དེ་ནི་ཧྥ་རན་སིས་བྲིས་པ་ཡིན་ལ། ཚེས་བཅུ་དགུ་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲད་པ་རེད། གྲོས་ཆོད་དེའི་ནང་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཛམ་གླིང་རང་བཞིན་གྱི་སྔ་ན་མེད་པའི་འཇིགས་སྣང་སློང་བཞིན་ཡོད་ཅེས་བསྟན་ཡོད།

དེ་ནི་བདེ་འཇགས་ལས་འཛིན་ལྷན་ཚོགས་གཅིག་སྟོང་དགུ་བརྒྱ་གོ་དགུ་ལོའི་ཚུན་ལ་གྲོས་འཆམ་བྱུང་བའི་འཇིགས་སྐུལ་ངོ་རྒོལ་དང་འབྲེལ་བའི་གྲོས་ཆོད་བཅུ་བཞི་བ་རེད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱིན་ཇིའི་འཐུས་མི་མ་ཞིག་ལེ་ཁི་ལོ་ཧྥུའུ་ཐི་ཡིས་བཤད་རྒྱུར། དེ་རིང་ང་ཚོས་སྦ་གསང་སྤུ་ཙམ་ཡང་མེད་པར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་བཀག་འགོག་བྱེད་པ་དང་དེ་རྩ་གཏོར་གཏོང་བའི་འབད་བརྩོན་ལ་ནམ་ཡང་ལྷོད་པ་མེད་ཅེས་བརྡ་གསལ་བོ་བཏང་བ་ཡིན་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནུས་པ་ཡོད་པའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱོད་པ་དང་། ལྡབ་འགྱུར་གྱི་འབད་བརྩོན་བྱེད་པ་མ་ཟད་མཐུན་སྦྱོར་དམ་པོ་བྱས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་། རྒྱབ་སྐྱོར་འཐབ་ཕྱོགས་ཞེས་པ། རྟེན་གཞི་ཞེས་པ་སོགས་ཀྱི་རྩ་འཛུགས་ཀྱི་འཇིགས་སྐུལ་བྱ་སྤྱོད་ལ་བཀག་འགོག་ལ་ཆམ་ཕབ་བཏང་ནས། སི་རི་ཡ་དང་དབྱི་རག་ན་ཡོད་པའི་རྩ་འཛུགས་དེ་དག་གི་སྒར་ས་རྩ་གཏོར་གཏོང་དགོས་པའི་སྐུལ་མ་བཏང་།

གྲོས་ཆོད་ལ་གྲོས་འཆམ་འབྱུང་བའི་སྐབས་ནི་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་ས་ཆ་མང་བོ་ནས་འཇིགས་སྐུལ་འཇབ་རྒོལ་བྱུང་རྗེས་ཀྱི་ཉིན་བདུན་པ་ཡིན་ལ། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་པ་དང་། དེ་རྒྱལ་ཁབ་སོ་སོ་སྐུལ་སློང་བྱས་ཏེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་རྩ་གཏོར་གཏོང་བར་ཕན་པ་ཡོད་ཅེས་བཤད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་བཤད་རྒྱུར། དེ་རིང་གི་འདེམ་ཤོག་འཕངས་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡ་ནས་བྱེད་ཐབས་སྔར་ལས་མང་བོ་སྤྱོད་པ་དང་། སེམས་ཐག་ཆོད་པོས་འགུལ་སྐྱོད་སྔར་ལས་མང་བོ་ལག་བསྟར་བྱས་ཏེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་རྩ་མེད་དུ་གཏོང་བར་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་བྱེད་པ་མཚོན་ཡོད་ཟེར།

ཧྥ་རན་སིའི་ཕྱི་འབྲེལ་དཔོན་པོ་ཧྥ་པེ་ཡུག་སི་ཡིས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྱོད་གོ་ཆོད་པའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཏེ། ཡང་མིན་ན་དམག་དོན་འགུལ་སྐྱོད་ལ་བརྟེན་དགོས་པ་དང་། ཡང་མིན་ན་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་དགོས་ལ། དེ་མིན་ན་འཇིགས་སྐུལ་རིང་ལུགས་ཀྱི་མ་རྩའི་ཡོང་ཁུངས་གཅོད་དགོས་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་དུང་རྒྱལ་ཁབ་སོ་སོས་འབད་བརྩོན་ལྷོད་མེད་ཀྱིས་ཕྱི་རྒྱལ་འཇིགས་སྐུལ་རིང་ལུགས་ཀྱི་དྲག་ཆས་མི་སྣ་སི་རི་ཡ་དང་དབྱི་རག་ལ་འགྲོ་བར་བཀག་འགོག་བྱས་ཏེ། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལ་མ་དངུལ་གྱིས་རོགས་སྐྱོར་བྱེད་པར་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་། དེ་དང་མཉམ་དུ་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་འབྲེལ་ཡོད་བཀག་སྡོམ་གསལ་ཁྲ་གསར་སྒྱུར་བྱེད་རྒྱུ་རེད།

ཧྥ་རན་སིས་གྲོས་ཆོད་འཆར་ཟིན་སྤྲད་པའི་སྔོན་ཉིན་མོར། ཨུ་རུ་སི་ཡིས་ཀྱང་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་ཆོད་འཆར་ཟིན་ཞིག་སྤྲད་ཡོད། དོན་དངོས་སུ་ཨུ་རུ་སི་ཕྱོགས་ཀྱིས་ཟླ་དགུ་བའི་ཟླ་མཇུག་ཏུ་གྲོས་ཆོད་ཅིག་བྲིས་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་དང་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་། ལག་རྡང་མཉམ་སྦྲེལ་གྱིས་འཇིགས་སྐུལ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་རྒྱུའི་འབོད་སྐུལ་བཏང་ན་ཡང་། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི་སོགས་རྒྱལ་ཁབ་ཀྱིས་དེར་ངོ་རྒོལ་བྱས་པརེད།

ཨུ་རུ་སིའི་གྲོས་ཆོད་གསར་བའི་ནང་དུ། ཨུ་རུ་སི་ཡིས་སི་རི་ཡའི་མངའ་ཁོངས་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་དགོས་ན། སྔོན་ལ་སི་རི་ཡིས་སྲིད་གཞུང་འཐད་པ་འབྱུང་དགོས་པར་འདོད་ཡོད།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཆུག་ཨར་ཅིན་གྱིས་ཚེས་ཉི་ཤུ་ཉིན་ནན་གྱིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དེས་ཆབ་སྲིད་ཀྱི་འབོད་སྐུལ་ཁོ་ན་ཙམ་ལས་མི་མཚོན་པ་དང་། དེས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་བཅའ་ཁྲིམས་ཀྱི་རྨང་གཞི་ད་དུང་བསྒྱུར་མེད་ཟེར། དེའི་ནང་དོན་ནི་སི་རི་ཡའི་མངའ་ཁོངས་ནས་དམག་དོན་འགུལ་སྐྱོད་སྤེལ་སྐབས། སི་རི་ཡའི་སྲིད་གཞུང་དང་མཉམ་ལས་མ་བྱས་ཚེ། དམག་དོན་འགུལ་སྐྱོད་དེར་དོན་སྙིང་ཆེན་པོ་མེད་ཅེས་པ་དེ་རེད། ཁོའི་བཤད་ཚུལ་ལྟར་ན། ཨུ་རུ་སི་ཡིས་ཨུ་རུ་སིའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་འབྱུང་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱིན་ཇིའི་འཐུས་མི་ལེ་ཁི་ལོ་ཧྥུའུ་ཐི་ཡིས་བཤད་རྒྱུར། ཨུ་རུ་སིའི་གྲོས་ཆོད་ལ་གྲོས་འཆམ་འབྱུང་དགོས་ན། མོ་སི་ཁོ་ཕྱོགས་ནས་ནང་དོན་ཁ་ཤས་ལ་ཡང་བསྐྱར་བཟོ་བཅོས་བྱེད་དགོས་པ་དང་། དེའི་ནང་དུ་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་གྱི་ད་ལྟའི་གནས་བབ་ཀྱང་འདུ་ཟེར།

ཕ་རི་སིའི་ས་ཆ་མང་བོར་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་འཇིགས་སྐུལ་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་ལྷག་ལ་རྨས་ཕོག ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཅིབ་རྒྱལ་ཁབ་ཀྱི་ཞི་ནའེ་ཕྱེད་གླིང་དུ་ལྷུང་ནས། གནམ་གྲུའི་སྟེང་མི་མི་ཉིས་བརྒྱ་དང་ཉེར་བཞི་བོ་ཚང་མ་རྐྱེན་ལམ་དུ་ཤོར་བ་དང་། ཨུ་རུ་སི་ཕྱོགས་ཀྱིས་འགྲུལ་སྐྱེལ་གནམ་གྲུ་དེར་འཇིགས་སྐུལ་འཇབ་རྒོལ་ཐེབས་པར་འདོད་ཡོད།

ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་གོང་གི་འཇབ་རྒོལ་དོན་རྐྱེན་དེ་ཁོས་ཚོས་བཟོས་པ་ཁས་བླངས་པས། ཨུ་རུ་སི་དང་ཧྥ་རན་སིའི་དམག་དཔུང་གིས་སི་རི་ཡའི་མངའ་ཁོངས་ཀྱི་འཇིགས་སྐུལ་མི་སྣར་ཆམ་ཕབ་གཏོང་ཤུགས་ཇེ་ཆེར་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།