ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་དཔོན་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་རྒྱུར། ཟླ་སྔོན་མར་ཨེ་ཅིབ་རྒྱལ་ཁབ་ཀྱི་ཞི་ནའེ་ཕྱེད་གླིང་ནས་ཐང་ལ་ལྷུང་བའི་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ནི་འཇིགས་སྐུལ་འཇབ་རྒོལ་ཐེབས་ནས་ཐང་ལ་ལྷུང་བ་དང་། འགྲུལ་སྐྱེལ་གནམ་གྲུ་དེ་ནི་སྤྱི་རྒྱ་གཅིག་ཅན་གྱིTNTསྟབས་བདེའི་འགད་རྫས་ཀྱིས་འགས་གཏོར་བཏང་བ་རེད་ཟེར།

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཁང་གི་མགོ་གཙོ་པོར་ཐི་ཉི་ཁི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ང་ཚོས་དོན་རྐྱེན་དེ་ནི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཞིག་རེད་ཅེས་གསལ་བོར་བསྒྲགས་ཆོག་ཟེར།

པོར་ཐི་ཉི་ཁི་ཧྥུའུ་ཡིས་བཤད་རྒྱུར། རྟོག་ཞིབ་མི་སྣས་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་འགྲུལ་བའི་ཁུལ་མ་དང་སྐྱེལ་འདྲེན་དངོས་རྫས། གནམ་གྲུའི་ཆག་རོ་བཅས་ལ་ཞིབ་བཤེར་བྱེད་སྐབས། གནམ་གྲུའི་ཆག་རོའི་ཁྲོད་དུ་འགད་རྫས་ཀྱི་ཆ་རྙེད་པས། གནམ་གྲུ་དེའི་སྟེང་དུ་སྟབས་བདེའི་འགད་རྫས་བཞག་པའི་སྡོམ་ཚིག་ཐོབ་པ་དང་། འགད་རྫས་ནི་སྤྱི་རྒྱ་གཅིག་ཅན་གྱིTNTསྟབས་བདེའི་འགད་རྫས་ཡིན་པ་འདྲ་ལ། གནམ་གྲུ་དེ་ཧྲ་མུའུ་ཧྲ་དབྱི་ཧི་ནས་འཕུར་ཏེ་ཅང་མ་འགོར་བར་འགད་རྫས་བཀད་པ་རེད་ཟེར། པོར་ཐི་ཉི་ཁི་ཧྥུའུ་ཡིས་བཤད་རྒྱུར། གནམ་གྲུ་བར་སྣང་ནས་དུམ་བུར་གས་པ་ཡིན་ལ། འདིས་ཆག་རོ་ས་རྒྱ་ཆེན་པོར་ཁྱབ་པ་དེར་ཡང་འགྲེལ་བཤད་རྒྱག་ཐུབ་ཟེར།

འགྲུལ་སྐྱེལ་གནམ་གྲུ་དེ་འགད་རྫས་ཀྱིས་འགས་གཏོར་བཏང་བ་ཤེས་རྗེས། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཁང་གིས་ཨ་སྒོར་བྱེ་བ་ལྔ་ཡི་བྱ་དགའ་བྱིན་ནས། ལག་དམར་གྱི་ཆ་འཕྲིན་དང་ཁུངས་སྣེ་འཚོལ་བསྡུ་བྱེད་རྒྱུ་ཡིན་ཞེས་བསྒྲགས།

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཅིབ་རྒྱལ་ཁབ་ཀྱི་ཞི་ནའེ་གླིང་ཕྲན་སྟེང་ལྷུང་ནས། གནམ་གྲུའི་སྟེང་མི་ཉིས་བརྒྱ་དང་ཉེར་བཞི་བོ་ཚང་མ་རྐྱེན་ལམ་དུ་ཤོར་ལ། འདས་པོ་མང་ཆེ་ཤོས་ནི་ཨུ་རུ་སིའི་གནས་སྐོར་པ་རེད། གནམ་གྲུ་དེ་ནི་ཨེ་ཅིབ་ནས་ཨུ་རུ་སིའི་ཧྲིན་པིས་ཏི་པའོ་གྲོང་ཁྱེར་ལ་འཕུར་རྩིས་ཡོད་པ་དང་། ཨུ་རུ་སིའི་ཁོ་ཅ་ལེ་མུའུ་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་རེད།

ཁོ་ཅ་ལེ་མུའུ་མཁའ་འགྲུལ་ཀུང་ཟིས་བཤད་རྒྱུར། འགྲུལ་སྐྱེལ་གནམ་གྲུ་ལ་ཆག་སྒོ་འབྱུང་སྐབས། ཁ་ལོ་བས་གནམ་གྲུ་ལ་ཚོད་འཛིན་བྱེད་མ་ཐུབ་ཟེར། ཨེ་ཅིབ་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུའི་གཞི་གྲངས་སྒམ་ཆུང་གཉིས་ཀྱི་སྒྲ་ཕབ་རྒྱུ་ཆ་ལ་ཐོག་མར་དབྱེ་ཞིབ་བྱས་པ་ལས། འགྲུལ་སྐྱེལ་གནམ་གྲུ་དེ་ས་ངོས་འཚོལ་བརྡ་མ་ལག་ནས་འབོར་སྐབས། ཁ་ལོ་བས་ཉེན་ཁའི་བརྡ་ཅི་ཡང་མ་བརྒྱབ་ཟེར།

ཉེ་སྔོན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཡན་ལག་རྩ་འཛུགས་ཤིག་གིས་འཇབ་རྒོལ་དོན་རྐྱེན་དེ་ནི་ཁོ་ཚོས་བཟོས་པ་ཡིན་ལ། དེའི་དམིགས་ཡུལ་ནི་ཨུ་རུ་སིས་སི་རི་ཡ་ལ་བར་སྣང་ནས་འཇབ་རྒོལ་བྱས་པར་རྒོལ་ལན་སྤྲོད་པའི་ཆེད་ཡིན་ཞེས་བསྒྲགས།

ཕྱི་ཕྱོགས་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཨེ་ཅིབ་ཀྱིས་ཚེས་བཅུ་བདུན་ཉིན་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུའི་ནང་དུ་འགད་རྫས་བཞག་པར་དོགས་པ་ཟ་བའི་ཧྲ་མུའུ་ཧྲ་དབྱི་ཧི་གནམ་གྲུ་ཐང་གི་བྱ་བ་སྒྲུབ་མཁན་གྱིས་བཞག་པར་དོགས་པ་ཟ་མཁན་གཉིས་འཛིན་བཟུང་བྱས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།