ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་རྟོག་ཞིབ་གནས་ཚུལ་ལ་རྒྱུས་མངའ་ཡོད་པའི་མི་ཞིག་གིས་བཤད་རྒྱུར། ད་ལྟ་སི་རི་ཡ་ན་ཡོད་པའི་མོ་ལོ་ཀིའི་རྒྱུད་ཀྱི་པི་ལི་ཧྲིའི་སྐྱེས་པ་ཞིག་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་ལ་ཇུས་འགོད་བྱེད་མཁན་ཡོད་པར་དོགས་པ་ཟ་བཞིན་ཡོད་ཟེར།

ལུའུ་ཐི་གསར་འགྱུར་ཁང་གིས་ཚེས་བཅུ་དྲུག་ཉིན་མི་དེས་བཤད་པའི་སྐད་ཆ་བཀོད་པ་ལྟར་ན། སྐྱེས་པ་དེའི་མིང་ལ་ཨ་པ་ཝུའུ་ཏི་ཟེར་བ་དང་། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཀྱི་འགུལ་སྐྱོད་ཆེས་མང་བའི་འཇབ་རྒོལ་བའི་གྲས་ཀྱི་གཅིག་ཡིན་ལ། ཁོ་ཡོ་རོབ་གླིང་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་འགའི་ཇུས་འགོད་པ་ཡིན་སྲིད་ཟེར།

ལུ་ཙེམ་པོག་རླུང་འཕྲིན་ཁང་དང་ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཉིན་གཅིག་གི་ནང་ཨ་པ་ཝུའུ་ཏི་ཡི་གནས་ཚུལ་དེ་ལས་མང་བོ་བསྒྲགས། གསར་འགྱུར་ལས་ཁུངས་དེ་གཉིས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་པ་ཝུའུ་ཏི་ད་ལོར་ལོ་ཉེར་བདུན་ཡིན་པ་དང་། པི་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་འདབས་རོལ་གྱི་མོ་ལུན་པེ་ཁི་ས་ཁུལ་དུ་བསྡད་ཡོད་ལ། ས་དེ་ནི་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་ཞུགས་པའི་འཇིགས་སྐུལ་མི་སྣ་འདུག་ས་རེད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ལོ་མགོར། ཨ་པ་ཝུའུ་ཏི་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཞུགས་པ་དང་། ཞི་ལ་རྒྱལ་ཁབ་ནས་པི་ལི་ཧྲིའི་ཤར་ཕྱོགས་ཀྱི་ཝེར་ཝེ་ཡེ་གྲོང་ཁྱེར་ནས་འཇིགས་སྐུལ་འཇབ་རྒོལ་སློང་བར་ཇུས་འགོད་བྱས། ད་ལོའི་ཟླ་དང་བོར་ཁོའི་འཆར་གཞིའི་གསང་བ་ཕྱི་ལ་ཤོར་རྗེས། ཁོ་བྲོས་བྱོལ་བྱས་པས་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོའི་འཛིན་བཟུང་བྱེད་མ་ཐུབ། ད་ལོའི་ཟླ་གཉིས་པར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱི་དབྱིན་ཡིག་པར་གཞིའི་དྲ་རྒྱའི་ཚགས་པར་ཏ་ཀི་པེ་ཞེས་པའི་སྟེང་ཨ་པ་ཝུའུ་ཏི་ལ་བཅར་འདྲི་བྱས་པའི་གནས་ཚུལ་བཀོད་པ་དང་། སྐབས་དེར་ད་གཟོད་ཁོ་ཕྱིར་སི་རི་ཡ་ལ་ཐོན་ཡོད་པ་ཤེས། བཅར་འདྲིའི་ནང་དུ་ཨ་པ་ཝུའུ་ཏི་བདེ་འཇགས་ཞིབ་བཤེར་ལས་བརྒལ་ཏེ་ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོར་སོང་ནས་འཇབ་རྒོལ་ལ་ཇུས་འགོད་བྱས་པ་མ་ཟད་མཚོན་ཆ་ཉོས་མྱོང་ཞེས་བཀོད་ཡོད།

ན་ནིང་། ཨ་པ་ཝུའུ་ཏི་ཡི་ནུ་བོ་ཡིན་ཟེར་བའི་ལོ་བཅུ་གསུམ་ཅན་གྱི་བྱིས་པ་ཞིག་པི་ལི་ཧྲི་ནས་སི་རི་ཡར་སོང་སྟེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་སུ་ཞུགས་པ་དང་། ཁོ་ནི་སི་རི་ཡ་རུ་འཐབ་འཛིང་ལ་ཞུགས་པའི་ལོ་ན་ཆེས་ཆུང་བའི་པི་ལི་ཧྲི་རྒྱལ་ཁབ་ཀྱི་འཐབ་མཆོག་མི་སྣར་གྱུར།

ཕ་རི་སི་ལ་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་འཇིགས་སྐུལ་འཇབ་རྒོལ་རབ་དང་རིམ་པ་ཐེབས་པ་དང་། ལུས་རྩལ་ར་བ་དང་ཟློས་གར་ཁང་། ཟ་ཁང་སོགས་ས་དྲུག་ལ་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་ང་གཉིས་ལ་རྨས་ཕོག ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་པ་ལྟར་ན། འཇབ་རྒོལ་ཁྲོད་ཞུགས་པའི་འཇིགས་སྐུལ་མི་སྣ་བརྒྱད་ནང་གི་གསུམ་ནི་ཧྥ་རན་སིའི་སྤྱི་དམངས་ཡིན་ལ། དེའི་ནང་དུ་ཕ་རི་སི་ནས་སྐྱེས་ཏེ་འཚར་ལོངས་བྱུང་བའི་མི་གཅིག་དང་། སྤུན་གཉིས་ཡོད་ལ། ཉུང་མཐར་མི་གཅིག་ཡུལ་གྱར་པར་བརྫུས་ཏེ་ཡོ་རོབ་གླིང་དུ་ཡོང་བ་དང་། མི་ལ་ལས་སི་རི་ཡ་ནས་སྦྱོང་བརྡར་བྱས་མྱོང་ཟེར། འཇབ་རྒོལ་བ་བརྒྱད་ནང་གི་བདུན་འཇབ་རྒོལ་བྱེད་སྐབས་ཉེན་རྟོག་པས་བསད་པ་དང་། མི་གཅིག་བྲོས་བྱོལ་བྱས་ཏེ་ད་དུང་རྙེད་མེད།

ཧྥ་རན་སིའི་ནང་སྲིད་དཔོན་པོ་ཁ་ཙིག་ན་ཧྥུའུ་ཡིས་བཤད་རྒྱུར། ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་མི་ཉེར་གསུམ་བཟུང་བ་དང་། མཚོན་ཆ་སོ་གཅིག་གཞུང་བཞེས་བྱས་ལ། མི་བརྒྱ་དང་བཞིའི་འདུག་སར་ལྟ་རྟོག་བྱེད་བཞིན་ཡོད་ཟེར།

དེས་མི་ཚད་པི་ལི་ཧྲི་རྒྱལ་ཁབ་ཀྱི་ཉེན་རྟོག་པས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་མོ་ལུན་པེ་ཁི་ས་ཁུལ་གྱི་སྲང་ལམ་ཞིག་གི་སྡོད་ཁང་མང་བོའི་མཐའ་བསྐོར། ཉེན་རྟོག་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། འགུལ་སྐྱོད་དེ་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དང་འབྲེལ་བ་ཡོད་ཟེར་ལ། བཤད་ཚུལ་ལྟར་ན། འཇིགས་སྐུལ་མི་སྣ་བརྒྱད་ཀྱི་ནང་ནས་བྲོས་བྱོལ་དུ་སོང་བའི་འཇིགས་སྐུལ་མི་སྣ་གཅིག་པུ་སྟེ་ས་ལ་མུའུ་ཟེར་བ་དེ་འགུལ་སྐྱོད་ཁྲོད་ནས་འཛིན་བཟུང་བྱས་སོང་ཟེར་མོད། ཡིན་ན་ཡང་པི་ལི་ཧྲི་ཕྱོགས་ཀྱིས་གནས་ཚུལ་དེ་ཁས་མ་བླངས།

ས་ལ་མུའུ་ཟེར་བ་དེ་ད་ལྟ་ལོ་ཉེར་དྲུག་ཡིན་ལ། མོ་ལུན་པེ་ཁི་ས་ཁུལ་དུ་བསྡད་ཡོད། ཁོས་རང་གི་མིང་ཐོག་ནས་པི་ལི་ཧྲི་ནས་རླངས་འཁོར་གཉིས་གླས་ཏེ། ཕ་རི་སི་ལ་སོང་ནས་འཇབ་རྒོལ་བྱས་པ་རེད་ཟེར། ཕ་རི་སི་ནས་འཇབ་རྒོལ་བྱུང་སྟེ་དུས་ཚོད་འགའ་འགོར་རྗེས། ས་ལ་མུའུ་ཧྥ་རན་སི་དང་པི་ལི་ཧྲིའི་མཐའ་མཚམས་སུ་ཐོན་ལ། ཧྥ་རན་སིའི་ཉེན་རྟོག་པས་ཁོ་བསྡད་ཡོད་པའི་རླངས་འཁོར་བཀག་ནས་འདྲི་ཞིབ་བྱས་པ་དང་ཁོའི་འཛིན་ཡིག་ལ་བལྟས་རྗེས་འགྲོ་རུ་བཅུག་པ་རེད་ཟེར།

ཐུར་ཁེ་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཤིག་གིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཐུར་ཁེ་ཕྱོགས་ཀྱིས་ན་ནིང་གི་ཟླ་བཅུ་གཉིས་པ་དང་ད་ལོའི་ཟླ་དྲུག་པར་ཐེངས་གཉིས་ལ་ཧྥ་རན་སི་ཕྱོགས་ལ་འཇིགས་སྐུལ་འཇབ་རྒོལ་བ་མུའུ་སི་ཐ་ཧྥ་དབྱི་ཟེར་བ་དེར་དོགས་ཟོན་བྱེད་དགོས་པའི་གསལ་འདེབས་བྱས་མོད། ཡིན་ན་ཡང་ཧྥ་རན་སིས་འཇིགས་སྐུལ་འཇབ་རྒོལ་བྱུང་རྗེས་ད་གཟོད་ཐུར་ཁེ་ཕྱོགས་ལ་གཞོགས་འདེགས་བྱེད་རྒྱུའི་རེ་བ་བཏོན་ཟེར།

མུའུ་སི་ཐ་ཧྥ་དབྱི་ནི་ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་གཏན་ཁེལ་བྱས་པའི་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་འཇབ་རྒོལ་བ་ཐོག་མ་རེད། ཉེན་རྟོག་ཕྱོགས་ཀྱིས་པ་ཐ་ཁི་ལན་ཟློས་གར་ཁང་གི་འཇབ་རྒོལ་བྱེད་ཡུལ་ནས་ཁོའི་བེམ་པོ་རྙེད་པ་མ་ཟད་ཁོའི་ཐོབ་ཐང་རྩད་ཆོད། མུའུ་སི་ཐ་ཧྥ་དབྱི་ནི་ད་ལོར་ལོ་ཉེར་དགུ་ཡིན་པ་དང་། ཕ་རི་སིའི་ལྷོ་འདབས་ཀྱི་ཁུའུ་ཨར་ཁུའུ་རོ་ན་ནས་སྐྱེས་པ་དང་། ཨ་ཕ་ནི་ཨར་ཅི་རི་ཡ་རྒྱལ་ཁབ་དང་ཨ་མ་ནི་ཕུའུ་ཐའོ་ཡའི་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།