ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་བཅུ་གསུམ་ཉིན། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་བ་དང་། མིག་སྔའི་བར་དུ་དོན་རྐྱེན་དེའི་ཁྲོད་ནས་ཉུང་མཐར་ཡང་མི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་ལྷག་ལ་རྨས་ཕོག

ཚེས་བཅོ་ལྔ་ཉིན་བར་དུ་ཐེངས་འདིའི་འཇབ་རྒོལ་ཁྲོད་ཞུགས་པའི་འཇིགས་སྐུལ་མི་སྣ་གསུམ་གྱི་ཐོབ་ཐང་ཕྱིར་བསྒྲགས་པ་དང་། དེའི་ནང་དུ་ལོ་ཉེར་དགུ་ཅན་གྱི་ཧྥ་རན་སིའི་སྤྱི་དམངས་མུའུ་སི་ཐ་ཧྥེ་ཟེར་བ་དེ་ཡང་འདུ། གཞན་ཡང་པི་ལི་ཧྲིའི་ཉེན་རྟོག་ཕྱོགས་ཀྱིས་པུའུ་ལུའུ་སེར་གྲོང་ཁྱེར་གྱི་མོ་ལུན་པེ་ཁི་ས་ཁུལ་ནས་གཞི་ཁྱོན་ཆེ་བའི་འགུལ་སྐྱོད་སྤེལ་ཏེ། འཇབ་རྒོལ་དོན་རྐྱེན་དེར་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་མང་བོ་འཛིན་བཟུང་བྱས།

ས་དེའི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར། ཕ་རི་སི་ནས་འཇབ་རྒོལ་དོན་རྐྱེན་མང་བོ་བྱུང་ལ། དེའི་ནང་དུ་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བདུན་དང་། འགས་གཏོར་དོན་རྐྱེན་དྲུག་འདུ་ཞིང་། པ་ཐ་ཁི་ལན་ཟློས་གར་ཁང་ནས་ད་དུང་མི་གཏའ་བཙན་བཟུང་བྱས་པའི་དོན་རྐྱེན་བྱུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་མྱུར་སྐྱོབ་འགུལ་སྐྱོད་སྤེལ་ཏེ། འཇབ་རྒོལ་བ་གསུམ་བསད།

ཕ་རི་སི་ནས་བསྡུས་པའི་ཞིབ་དཔྱོད་དཔོན་པོའི་གསར་འགྱུར་ཚོགས་འདུའི་སྟེང་། ཧྥ་རན་སིའི་དཔོན་ཕྱོགས་ཀྱིས་དོན་རྐྱེན་ཁྲོད་མི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་ང་གཉིས་ལ་རྨས་ཕོག་ཅིང་། དེའི་ནང་མི་དགུ་བཅུ་གོ་དགུའི་རྨས་ཧ་ཅང་ལྗིད་ཅེས་བསྒྲགས། འདས་པོའི་ནང་དུ་ཕྱིའི་རྒྱལ་ཁབ་བཅུ་ཡི་སྤྱི་དམངས་ཡོད་ཟེར། ཧྥ་རན་སིའི་ཙུང་ལི་ཝ་ཨར་སི་ཡིས་བཤད་རྒྱུར། འདས་པོ་བརྒྱ་དང་གསུམ་གྱི་ཐོབ་ཐང་ངོས་བཟུང་ཡོད་པ་དང་། འདས་པོ་ཉི་ཤུ་ནས་སུམ་ཅུའི་ཐོབ་ཐང་ད་དུང་ངོས་བཟུང་མེད་ཟེར།

རྒྱལ་ཁབ་སོ་སོའི་སྲིད་གཞུང་སོགས་དཔོན་ཕྱོགས་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཨར་ཅི་རི་ཡ་དང་པི་ལི་ཧྲི། དབྱིན་ཇི། ཀྲི་ལི། མོ་ལོ་ཀི། ཕུའུ་ཐའོ་ཡ། རོ་མ་ཉི་ཡ། སི་ཕེན། སུའེ་ཏེན། ཐུ་ཉི་སི། ཨ་མེ་རི་ཁ་བཅས་ཀྱི་སྤྱི་དམངས་ཚེ་ལས་འདས་པའམ་ཡང་ན་རྨས་ཕོག་ཡོད་ཟེར།

གཞན་ཡང་ཧྥ་རན་སི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བཅོ་ལྔ་ཉིན་བསྒྲགས་རྒྱུར། ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་གཏན་ཁེལ་བྱས་པའི་གནས་ཚུལ་ལྟར་ན། ཀྲུང་གོའི་སྤྱི་དམངས་ཤིག་ལ་འཇིགས་སྐུལ་འཇབ་རྒོལ་ཁྲོད་ནས་རྨས་ཡང་མོ་ཕོག་པ་དང་། དུས་ལྟར་སྨན་བཅོས་བྱེད་ཐུབ་སོང་བས། ལུང་ཕུང་སླར་གསོ་བྱུང་བ་ཧ་ཅང་བཟང་ཟེར།

གཞུང་ཚབ་ཁང་གིས་བཤད་རྒྱུར། འབྲེལ་ཡོད་འགན་ཁུར་མི་སྨན་ཁང་ལ་རྨས་མ་དེར་ལྟ་རུ་མངགས་ནས། ཀྲུང་གོ་སྲིད་གཞུང་དང་ཕྱི་འབྲེལ་པུའུ། གཞུང་ཚབ་ཁང་བཅས་ཀྱི་འཚམས་འདྲི་བརྒྱུད་སྒྲོག་བྱེད་དུ་བཅུག་ཡོད་ལ། རྨས་མ་དེས་རང་གི་མིང་བཤད་མ་འདོད་པས། གཞུང་ཚབ་ཁང་ཕྱོགས་ཀྱིས་ཀྱང་ཁོའི་འདོད་བློ་དེར་བརྩི་བཀུར་བྱས་པ་ཡིན་ཟེར།

ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་གསལ་སྒྲོག་སྤེལ་ནས། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་ནི་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས། ཐོག་མར་རྟོག་ཞིབ་བྱས་པ་ལྟར་ན། ཚན་ཆུང་གསུམ་གྱིས་ཕན་ཚུན་གཞོགས་འདེགས་སྒོས་འཇིགས་སྐུལ་འཇབ་རྒོལ་བྱས་པ་ཡིན་སྲིད་ཟེར་ལ། བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་བའི་ནང་དུ་ཧྥ་རན་སི་དང་སི་རི་ཡ། ཨེ་ཅིབ་བཅས་ཀྱི་སྤྱི་དམངས་ཡོད་ཟེར།

ཕ་རི་སིའི་ཞིབ་དཔྱོད་དཔོན་པོ་མོ་ལན་གྱིས་བཤད་རྒྱུར། འཇབ་རྒོལ་ཁྲོད་ཞུགས་པའི་འཇིགས་སྐུལ་མི་སྣ་མང་བོ་ཤི་ཟིན་པ་དང་། དེའི་ནང་གི་མི་གཅིག་ནི་ཉེན་རྟོག་ཕྱོགས་ཀྱིས་བསད་པ་ཡིན་ལ། མི་གཞན་པས་རང་གི་ལུས་སྟེང་དུ་བཅིངས་པའི་འགད་རྫས་འགས་གཏོར་བཏང་ནས་ཤི་བ་རེད། འཇབ་རྒོལ་བའི་ནང་དུ་ལོ་ཉེར་དགུ་ཅན་གྱི་ཧྥ་རན་སིའི་སྤྱི་དམངས་མུའུ་སི་ཐ་ཧྥེ་ཟེར་བ་དེ་ཡང་ཡོད་ཟེར།

དེའི་སྔོན་ལ། སེར་ཝེ་ཡའི་ཚགས་པར་ཞིག་སྟེང་འཇིགས་སྐུལ་བ་གཞན་པ་ཞིག་གི་མིང་བསྒྲགས་པ་དང་། ཁོ་ནི་སེར་ཝེ་ཡ་བརྒྱུད་དེ་ཡོ་རོབ་གླིང་ནུབ་མར་སོང་བའི་སི་རི་ཡའི་སྤྱི་དམངས་མོ་ཧ་མད་ཏི་ཟེར་བ་དེ་རེད། ཧྥ་རན་སིའི་ཚགས་པར་ཞིག་གི་སྟེང་བཀོད་པ་ལྟར་ན། འཇབ་རྒོལ་བ་གཞན་པ་ཞིག་གི་མིང་ལ་ཨ་པུའུ་ཏུའུ་ལ་པ་ཁི་ཟེར་མོད། ཡིན་ན་ཡང་ཁོའི་གནས་ཚུལ་ཞིབ་ཅིང་ཕྲ་བ་བསྒྲགས་མེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།