ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས་ལྔ་ཉིན་མོ་སི་ཁོ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡའི་སྲིད་གཞུང་གིས་ཨུ་རུ་སི་ཕྱོགས་ལ་སི་རི་ཡའི་སྲིད་གཞུང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོ་ཁྲིད་འོག་ངོ་རྒོལ་ཕྱོགས་ཁག་བར་དུ་གྲོས་མོལ་བྱེད་པར་འཐད་པ་བྱུང་ཡོད་མོད། ཡིན་ནའང་གནད་དོན་ནི་ངོ་རྒོལ་ཕྱོགས་ཁག་གིས་གྲོས་མོལ་བྱེད་པའི་འཐུས་ཚབ་ཚོགས་པ་འཛུགས་རྒྱུ་དེ་ཡིན་ཞེས་བདེན་དཔང་བྱས་ཟེར། ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། ཉེ་བའི་དུས་སྐབས་ཤིག་ལ་ཨུ་རུ་སི་དང་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་སོང་བ་དང་། སི་རི་ཡའི་སྲིད་གཞུང་གིས་ཀྱང་ཨུ་རུ་སི་དང་ངོ་རྒོལ་ཕྱོགས་ཁག་བར་གྱི་འབྲེལ་འདྲིས་དེ་དག་ཤེས་ཡོད་ལ། ཨུ་རུ་སི་ཕྱོགས་ཀྱིས་སི་རི་ཡའི་སྲིད་གཞུང་ལ་དོན་དག་དེའི་སྐོར་གསང་མེད། ཨུ་རུ་སི་ཕྱོགས་ཀྱིས་སི་རི་ཡའི་རང་དབང་དམག་བར་དུ་འབྲེལ་འདྲིས་བྱེད་སྲིད་ཅེས་ཐེངས་མང་བོར་བཤད་མྱོང་བ་མ་ཟད། རྒྱལ་ཁབ་གཞན་པས་རྩ་འཛུགས་ཀྱི་ཆ་འཕྲིན་སྔར་ལས་མང་བོ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཏོན་མྱོང་ཟེར། ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། སི་རི་ཡ་ན་ཐལ་སྤྱོད་མི་སྣ་དང་འཇིགས་སྐུལ་མི་སྣ། ངོ་རྒོལ་ཕྱོགས་ཁག་བཅས་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མི་གང་དག་ནི་འཇིགས་སྐུལ་མི་སྣ་དང་ཐལ་སྤྱོད་མི་སྣ་ཡིན་ལ། མི་གང་དག་ནི་དོན་ངོ་མའི་ངོ་རྒོལ་ཕྱོགས་ཁག་ཡིན་པ་གསལ་བོར་ཤེས་དགོས། ཨུ་རུ་སི་ཡིས་པ་ཧྲ་ཨར་ལ་ངོ་རྒོལ་བྱེད་པའི་མི་ཚང་མ་འཇིགས་སྐུལ་མི་སྣ་ཡིན་པར་མི་འདོད་ཟེར། ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། སི་རི་ཡའི་རྒྱལ་ཁབ་ཆ་ཚང་བར་སྲུང་སྐྱོབ་བྱེད་པ་ནི་སི་རི་ཡའི་མངའ་ཁོངས་དང་ས་ཁུལ་རང་གི་འཇིགས་སྐུལ་མི་སྣར་ཆམ་ཕབ་མགཏོང་བའི་འགན་སྲུང་ཡིན་ལ། སི་རི་ཡའི་དམག་དཔུང་ནི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་ས་ངོས་ཀྱི་སྟོབས་ཤུགས་ཡིན་པས། སི་རི་ཡའི་སྲིད་དབང་བརྗེ་སྤོར་བྱས་ན་མཇུག་འབྲས་བཟང་བོ་ཞིག་མི་འབྱུང་བར་ས་ཁུལ་གྱི་གནས་བབ་སྔར་ལས་རྙོག་འཛིང་དུ་གཏོང་ངེས་པ་ནི་ཨུ་རུ་སི་ཕྱོགས་ཀྱི་རྩ་བའི་ལངས་ཕྱོགས་ཡིན་ཟེར། ཁོ་མོས་ཨུ་རུ་སིའི་བར་སྣང་འཇབ་རྒོལ་གྱིས་སི་རི་ཡའི་འཇིགས་སྐུལ་མི་སྣའི་བཀོད་འདོམས་མ་ལག་ལ་གཏོར་བརླགས་ཆེན་པོ་བཟོས་ཡོད་ཅེས་བཤད། གསར་འགོད་པས་དབྱི་རག་གིས་ཨུ་རུ་སི་ཡིས་དབྱི་རག་ལ་འཇིགས་སྐུལ་མི་སྣར་ཆམ་ཕབ་གཏོང་རོགས་བྱེད་རྒྱུའི་རེ་བ་བཏོན་ཡོད་མེད་ཀྱི་དྲི་བ་འདོན་སྐབས། ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། གལ་ཏེ་དབྱི་རག་སྲིད་གཞུང་གིས་རེ་བ་བཏོན་ནས། ཨུ་རུ་སི་དབྱི་རག་མངའ་ཁོངས་ཀྱི་འཇིགས་སྐུལ་མི་སྣར་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་ཞུགས་སྲིད་མོད། ཡིན་ནའང་གནས་སྐབས་སུ་དབྱི་རག་ཕྱོགས་ཀྱིས་རེ་བ་དེ་བཏོན་མེད་ལ། ཕྱོགས་གཉིས་ཀྱིས་ཀྱང་གནད་དོན་དེའི་ཐད་ནས་གྲོས་མོལ་བྱས་མེད། རྩ་འཛུགས་དང་མི་ཁ་ཤས་ཀྱིས་ཨུ་རུ་སི་ཕྱོགས་ཀྱིས་དབྱི་རག་མངའ་ཁོངས་ཀྱི་འཇིགས་སྐུལ་མི་སྣར་ཆམ་ཕབ་གཏོང་རོགས་བྱེད་རྒྱུའི་རེ་བ་བཏོན་པ་དེའི་ཐད་ནས། ཨུ་རུ་སི་ཕྱོགས་ཀྱིས་དབྱི་རག་སྲིད་གཞུང་གིས་ངེས་པར་དུ་དེའི་ཐད་ནས་དཔོན་ཕྱོགས་ཀྱི་རེ་བ་འདོན་དགོས་པའི་རྣམ་འགྱུར་བཅངས་ཡོད་ཟེར། ཀྲ་ཧ་ལོ་ཝ་ཡིས་ད་དུང་ཨ་མེ་རི་ཁས་ཨུ་རུ་སིའི་དམག་དཔུང་གི་བར་སྣང་འཇབ་རྒོལ་གྱིས་སི་རི་ཡའི་མངའ་ཁོངས་ཀྱིས་དམངས་སྤྱོད་སྒྲིག་ཆས་དང་ངོ་རྒོལ་ཕྱོགས་ཁག་གི་དམིགས་འབེན་ལ་གཏོར་བརླགས་བཟོས་ཞེས་སྐྱོན་བརྗོད་བྱས་པ་དེར་དགག་ལན་སྤྲད། ཁོ་མོས་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཐེངས་མང་བོར་སྐྱོན་བརྗོད་བྱས་ནའང་བདེན་དཔང་འདོན་སྤྲོད་བྱེད་མ་ཐུབ་པས་ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་གཞན་གྱི་ངན་གླེང་བ་ཙམ་རེད་ཅེས་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།