ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་དམག་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་པ་ལྟར་ན། ཨུ་རུ་སིའི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེར་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་གཞོགས་འདེགས་འོག སི་རི་ཡའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ཉེར་བཞི་ལ་འགས་གཏོར་བཏང་སྟེ། འཇིགས་སྐུལ་མི་སྣའི་བཀོད་འདོམས་ཁང་གཅིག་དང་མཚོན་ཆའི་མཛོད་ཁང་གཅིག སྒྱོགས་དམག་དང་མེ་ཤུགས་འཕུར་མདའི་དམག་སྒར་བཅུ་གཉིས་བཅས་རྡུལ་དུ་བརླགས་ཟེར།

འདི་ནི་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ཨུ་རུ་སིའི་མཁའ་དམག་གིས་སི་རི་ཡའི་ཡང་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་འགས་གཏོར་བཏང་བའི་ཚུན་ལ། ཨུ་རུ་སི་ཕྱོགས་ཀྱིས་ཐོག་དང་བོར་བསྒྲགས་པའི་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་བར་སྤེལ་བའི་མཉམ་ལས་རེད།

ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་སྤྱིའི་ཇུས་འདོན་ཁང་དམག་འཐབ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་ཁར་ཐ་པོ་ལོ་ཧྥུའུ་ཡིས་བཤད་རྒྱུར། དམིགས་འབེན་དེ་དག་ཡོད་ས་ཚང་མ་ངོ་རྒོལ་ཕྱོགས་ཁག་གིས་འདོན་སྤྲོད་བྱས་པ་ཡིན་ཟེར་མོད། ཡིན་ནའང་ཁོས་ངོ་རྒོལ་ཕྱོགས་ཁག་དེ་དག་གི་མིང་གསལ་བོར་མ་བཤད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་བཤད་ཚུལ་ལྟར་ན། བར་སྣང་གི་འཇབ་རྒོལ་དེའི་འགས་གཏོར་བཏང་བའི་དམིགས་འབེན་གྱི་ཁྲོད་དུ་སི་རི་ཡའི་དབུལ་ཕྱོགས་ཀྱི་གནའ་མཁར་པར་མཱེ་ལ་དང་། ཏའེ་ཨར་ཙུའུ་ཨར། བྱང་ཕྱོགས་ཀྱི་གྲོང་རྡལ་གཙོ་བོ་ཨ་ལེ་ཕོའི་ཤར་ཕྱོགས་ཀྱི་ས་ཁུལ་ཁ་ཤས་སོགས་འདུ་ཟེར།

ཨུ་རུ་སིའི་དཔོན་རིགས་ཀྱིས་ཉིན་དེར་བཤད་རྒྱུར། ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཚུན་ལ། ཨུ་རུ་སིའི་མཁའ་དམག་གིས་འཐབ་འཛིང་གནམ་གྲུ་ཐེངས་སྟོང་གཅིག་དང་དྲུག་བརྒྱ་སོ་གཅིག་ལ་མངགས་ཏེ། སི་རི་ཡའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་སྟོང་གཉིས་དང་བརྒྱད་ཅུ་གྱ་བཞི་ལ་འགས་གཏོར་བཏང་ནས། ཐལ་སྤྱོད་མི་སྣའི་སྦྱོང་བརྡར་རྟེན་གཞི་ལྔ་བཅུ་ང་གཉིས་དང་། བཀོད་འདོམས་ཁང་ཉིས་བརྒྱ་དང་གྱ་བདུན། མཚོན་ཆའི་བཟོ་གྲྭ་བཞི་བཅུ། མཚོན་ཆའི་མཛོད་ཁང་བཅོ་ལྔ་བཅས་རྡུལ་དུ་བརླགས་ཏེ། འཇིགས་སྐུལ་མི་སྣར་ཆམ་ཕབ་དྲག་པོ་བཏང་ཟེར། མིག་སྔར། ཨུ་རུ་སི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་སོ་ཏི་ཨ་རབ་ལ་མིང་ཐོ་ཞིག་སྤྲད་ཡོད་པ་དང་། མིང་ཐོ་དེའི་ནང་དུ་ཨུ་རུ་སི་ལ་མཉམ་ལས་བྱེད་བཞིན་པའི་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣའི་མིང་བཀོད་ཡོད། གཞན་ཡང་ཨུ་རུ་སི་ཕྱོགས་ཀྱིས་ཚེས་གསུམ་ཉིན་ད་དུང་མོ་སི་ཁོ་ནས་སི་རི་ཡའི་སྲིད་གཞུང་གི་དཔོན་རིགས་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མི་མཉམ་དུ་ཞུགས་པའི་གྲོས་མོལ་ཚོགས་འདུ་ཞིག་བསྡུས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཕྱོགས་ཀྱིས་བྱ་བའི་མཐུན་སྦྱོར་ཚོགས་པ་ཞིག་བཙུགས་ཏེ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་སྔར་ལས་དྲག་པོ་གཏོང་རྒྱུ་ཡིན་ལ། དེ་འདྲའི་མཉམ་ལས་དམ་པོ་བྱས་ན་ང་ཚོས་སི་རི་ཡའི་སྲིད་གཞུང་དམག་དང་། སྔོན་ཆད་ཁ་གཏད་དུ་ལངས་མྱོང་བའི་སི་རི་ཡའི་རྒྱལ་གཅེས་སྟོབས་ཤུགས་གཞན་དག་ལ་མཐུན་སྒྲིལ་བྱས་ཏེ། ཐུན་མོང་གི་དགྲ་བོ་སྟེ་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་ཁ་གཏད་འཇལ་བའི་གཅིག་གྱུར་གྱི་འཐབ་ཕྱོགས་ཤིག་འཛུགས་ཐུབ་ཟེར།

ཨུ་རུ་སིའི་རྒྱལ་སྤྱིའི་ཡིག་སྐྱེལ་གློག་འཕྲིན་ཁང་གིས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་པོ་ཀི་ཏན་ནོ་ཧྥུའུ་ཡི་སྐད་ཆ་དྲངས་པ་ལྟར་ན། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་སི་རི་ཡའི་ཆབ་སྲིད་ཞི་མཐུན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་གང་ཡིན་རུང་། ཨུ་རུ་སིས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་ལ་འབྲེལ་འདྲིས་བྱས་ན་ཕན་པ་མ་གཏོགས་གནོད་པ་ཅི་ཡང་མེད་ཟེར། པོ་ཀི་ཏན་ནོ་ཧྥུའུ་ཡིས་ཨུ་རུ་སིས་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་བར་མཉམ་ལས་བྱས་ན་མཇུག་མཐར་སི་རི་ཡའི་གནད་དོན་ཐག་གཅོད་པའི་ལམ་གསར་བ་བཏོད་ཐུབ་ངེས་ཞེས་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།