ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་སྔོན་ཆད་ཀྱི་ཙུང་ལི་ལཱ་པེན་ལྐོག་གསོད་བྱས་ཏེ་ལོ་འཁོར་ཉི་ཤུ་ལོན་པར་དྲན་གསོ་ཞུས། དེ་དང་མཉམ་དུ་ཁོས་ཕྱོགས་སོ་སོས་དྲག་ཤུགས་ལ་ངོ་རྒོལ་བྱས་ཏེ། གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་བསྟན་དོན། ལཱ་པེན་ཞི་བའི་འཕེལ་རིམ་ལ་ངོ་རྒོལ་བྱེད་མཁན་གྱིས་ལྐོག་གསོད་བྱས་རྗེས། འཇིགས་སྐུལ་རིང་ལུགས་ཀྱིས་འཇབ་རྒོལ་བྱས་པ་དང་། གཏན་སྡོད་བྱེད་ས་ནས་ཁང་བ་གསར་བ་ལས་པ། ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གྲོས་ཆོད་ལག་བསྟར་བྱེད་མཚམས་བཞག་པ་སོགས་བར་ཆད་རབ་དང་རིམ་པས་མི་རྣམས་ཀྱི་རེ་སྒུག་གི་འདུན་པ་སིལ་བུར་གཏོར་ལ། ད་ལྟ་ཞི་བདེ་ལ་རྒྱབ་སྐྱོར་དང་དྲག་ཤུགས་ལ་ངོ་རྒོལ་བྱེད་པའི་འབོད་སྒྲ་དེ་དག་དཀྲུག་འཕེན་གྱི་སྐད་ཆ་དང་ཕྱོགས་སོ་སོའི་ཐལ་སྤྱོད་པའི་འགུལ་སྐྱོད་ཀྱིས་རྩ་བ་ནས་ཉམས་པར་བྱས་ཡོད་ཟེར།

ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་དྲག་ཤུགས་དང་དཀྲུག་འཕེན་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། གྲོས་མོལ་དང་བཟོད་སྒོམ་བརྒྱུད་ནས་དོན་ངོ་མའི་བདེ་འཇགས་མངོན་འགྱུར་བྱེད་པའི་བགྲོད་ལམ་འཚོལ་དགོས་པའི་འབོད་སྐུལ་བཏང་།

གཅིག་སྟོང་དགུ་བརྒྱ་གོ་ལྔ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན། ལཱ་པེན་ཞི་བདེའི་འདུ་ཚོགས་ཤིག་ལ་ཞུགས་ཚར་རྗེས། ཡུག་ཐེ་ཐལ་སྐྱོད་པ་ཞིག་གིས་ཁོར་མེ་མདས་བརྒྱབ་པ་དང་། ཁོའི་རྨས་ཧ་ཅང་ལྗིད་པས་སྨན་བཅོས་བྱས་ཀྱང་མ་ཕན་པར་རྐྱེན་ལམ་དུ་ཤོར་ཞིང་། སྐབས་དེར་དགོང་ལོ་བདུན་ཅུ་དོན་གསུམ་རེད།

ལཱ་པེན་གྱིས་ཐེངས་གཉིས་ལ་དབྱི་སི་རལ་གྱི་ཙུང་ལི་དང་བཟོ་བའི་ཏང་གི་ཀྲུའུ་ཞིའི་འགན་ཁུར་མྱོང་བ་དང་། ཁོས་བར་ཆད་སྣ་ཚོགས་སེལ་ནས་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་ཕ་ལེ་སི་ཐན་བར་དུ་ལོ་རྒྱུས་རང་བཞིན་གྱི་ཨོ་སི་ལུའུ་གྲོས་ཆོད་བཀོད་མྱོང་། གྲོས་ཆོད་དེ་ལྟར་ན་དབྱི་སི་རལ་སྔོན་ལ་ཅ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་གྲོང་ཁྱེར་ཅེ་ལེ་ཁོ་ནས་ཕྱིར་འཐེན་བྱེད་དགོས་པ་མ་ཟད། ཕ་ལེ་སི་ཐན་གྱི་རང་སྐྱོང་ཁྱབ་ཁོམས་རིམ་བཞིན་རྒྱ་བསྐྱེད་དགོས། ལཱ་པེན་ལྐོག་གསོད་བྱས་རྗེས། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་དང་ཞི་བདེའི་འཕེལ་རིམ་དེ་ད་བར་དུ་མཚམས་ཆད་པ་རེད། ད་ལོའི་ཟླ་བཅུ་བའི་ཟླ་མགོ་ནས་བཟུང་། ཕ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་བར་གྱི་འཁྲུག་རྩོད་ཚབས་ཇེ་ཆེར་སོང་བ་དང་། འཇབ་རྒོལ་དོན་རྐྱེན་མཚམས་མ་ཆད་པར་དབྱི་སི་རལ་གྱི་མི་བཅུ་གཅིག་དང་ཕ་ལེ་སི་ཐན་གྱི་མི་ལྔ་བཅུ་ལྷག་རྐྱེན་ལམ་དུ་ཤོར་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།