ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཨེ་ཅིབ་རྒྱལ་ཁབ་ཀྱི་ཞི་ནའེ་ཕྱེད་གླིང་ནས་ཐང་ལ་ལྷུང་སྟེ་ཉིན་གསུམ་འགོར་བ་དང་། ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་ཆ་འཕྲིན་བསྟུད་མར་ཇེ་མང་ལ་སོང་ན་ཡང་། ཆག་སྒོའི་འབྱུང་རྐྱེན་ལ་ད་དུང་བཤད་ཚུལ་སྣ་མང་ཡོད། ཨུ་རུ་སིའི་ཙུང་ཐུང་གི་མགྲིན་ཚབ་པ་ཕེ་སི་ཁོ་ཧྥུའུ་ཡིས་ཚེས་གཉིས་ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མཁའ་འགྲུལ་ཆག་སྒོའི་རྟོག་ཞིབ་བྱ་བ་མགོ་བརྩམས་མ་ཐག་ཡིན་པས། ཆག་སྒོའི་འབྱུང་རྐྱེན་ད་དུང་རྩད་ཆོད་མེད་ཅེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བདེན་དཔང་བྱས་པ་ལྟར་ན། ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུ་དེ་ཨེ་ཅིབ་ཀྱི་ཞི་ནའེ་གླིང་ཕྲན་ནས་ཐང་ལ་ལྷུང་སྐབས། ཨ་མེ་རི་ཁ་ཕྱོགས་ཀྱི་དམར་ཕྱིའི་འོད་ཐིག་འཁོར་སྐར་ཞིག་གིས་དམར་ཕྱིའི་ཚ་ནུས་བརྙན་གཟུགས་ལག་རྩལ་ལ་བརྟེན་ནས་གནས་དེ་ནས་འོད་ཅིག་འཚེར་བ་ཤེས་ལ། དེ་ལས་འགྲུལ་སྐྱེལ་གནམ་གྲུ་དེ་སྐབས་དེར་ཚད་ངེས་ཅན་གྱི་འགས་གཏོར་བྱུང་བ་ཤེས་ཐུབ་ཟེར།

ཨེ་ཅིབ་དང་ཨུ་རུ་སི། ཨེར་ལན་བཅས་རྒྱལ་ཁབ་གསུམ་གྱི་ཆེད་མཁས་པས་གྲུབ་པའི་མཁའ་འགྲུལ་ཆག་སྒོ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁའེ་ལོ་ན་ཆག་སྒོ་བྱུང་བའི་གནམ་གྲུའི་གཞི་གྲངས་སྒམ་ཆུང་ལ་དབྱེ་ཞིབ་བྱེད་བཞིན་ཡོད་པ་དང་། ཅང་མི་འགོར་བར་རྟོག་ཞིབ་ཀྱི་མཇུག་འབྲས་ཁྱབ་སྒྲོག་བྱེད་ངེས། ཨུ་ཡོུན་ལྷན་ཁང་དེས་ཚེས་གཉིས་ཉིན་བསྒྲགས་རྒྱུར། གནམ་གྲུ་དེར་ཕྱིའི་འཇབ་རྒོལ་དང་ཡང་ན་འཕུར་མདའི་འཇབ་རྒོལ་ཐེབས་མེད་ཟེར།

ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིས་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་པ་ལྟར་ན། དམར་ཕྱིའི་འོད་ཐིག་འཁོར་སྐར་གྱིས་འོད་འཚེར་བ་ཤེས་པའི་དུས་ཚོད་དང་གནས་དེ་གནམ་གྲུར་ཆག་སྒོ་བྱུང་བའི་འབྲེལ་ཡོད་གཞི་གྲངས་དང་མཐུན་ཟེར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་དཔོན་རིགས་གཞན་པ་ཞིག་གིས་བཤད་རྒྱུར། འཁོར་སྐར་གྱིས་དུས་དེར་འོད་འཚེར་བའམ་ཡང་ན་འགས་གཏོར་བྱུང་བ་ཤེས་པ་དེ་ལས། འགྲུལ་སྐྱེལ་གནམ་གྲུའི་སྣུམ་སྒམ་འགས་གཏོར་བྱུང་བའམ་ཡང་ན་འགྲུལ་སྐྱེལ་གནམ་གྲུའི་ནང་དུ་འགད་རྫས་འགས་གཏོར་བྱུང་བ་ཤེས་ཐུབ་ཟེར། ཁོས་ལྟ་ཞིབ་ཚད་ལེན་གྱི་པར་རིས་ལས་མངོན་པ་ལྟར་ན། འགྲུལ་སྐྱེལ་གནམ་གྲུ་དེ་འགས་གཏོར་བྱུང་ནས་ཧ་ཅང་མཐོ་བའི་བར་སྣང་ནས་དུམ་བུར་ཆག་སོང་བ་རེད་ཟེར།

ཨུ་རུ་སིའི་འཁོར་སྐར་གསར་འགྱུར་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་སྡོམ་ཚིག་དེར་འབྲེལ་ཡོད་ཕྱོགས་ཀྱིས་བདེན་དཔང་བྱས་ཚེ། རྟོག་ཞིབ་མི་སྣར་བསམ་ཕྱོགས་སྔར་ལས་གསལ་བོ་ཞིག་འདོན་སྤྲོད་བྱེད་སྲིད་དེ། དེ་ནི་ཁུག་མ་ཆེན་པོའི་ནང་དུ་འགད་རྫས་སྦས་བ་དང་། ཡང་ན་གནམ་གྲུའི་ནང་དུ་འགད་རྫས་བཞག་སྟེ་ལམ་བར་ནས་འགས་གཏོར་བཏང་བ་ཡིན་སྲིད་ཟེར།

ཨུ་རུ་སིའི་ཡིག་སྐྱེལ་གློག་འཕྲིན་ཁང་གིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། ཁའེ་ལོ་ནས་གཞི་གྲངས་སྒམ་ཆུང་ལ་དབྱེ་ཞིབ་བྱེད་བཞིན་པའི་གནས་ཚུལ་ཤེས་པའི་མི་ཞིག་གིས་བཤད་རྒྱུར། འགྲུལ་སྐྱེལ་གནམ་གྲུ་དེ་རྒྱང་ཚོར་མ་ལག་ནས་བོར་ཏེ་འགས་གཏོར་བྱུང་བའི་བར་གྱི་སྐར་མ་བཞིའི་ནང་དུ། གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་གྱིས་རྒྱུན་ལྡན་ལྟར་དུ་མཁའ་འགྲུལ་དོ་དམ་མི་སྣར་ཁ་བརྡ་བྱས་པ་དང་། གནད་དོན་བྱུང་བའི་སྐོར་ཅི་ཡང་མ་གླེང་། ཡིན་ན་ཡང་གནམ་གྲུ་དེ་རྒྱང་ཚོར་མ་ལག་ནས་བོར་བའི་སྐབས་དེར་གཞི་གྲངས་སྒམ་ཆུང་གི་སྒྲ་ཕབ་རྒྱུ་ཆའི་ནང་དུ་རྒྱུན་ལྡན་གྱི་འཕུར་སྐྱོད་ཁྲོད་འབྱུང་མི་འོས་པའི་སྒྲ་ཞིག་བྱུང་ཟེར། མི་དེས་བཤད་རྒྱུར། སྒྲའི་རྒྱུ་ཆ་དེར་བརྟགས་ན། གནམ་གྲུའི་ནང་དུ་བྱུང་བའི་རྒྱུན་ལྡན་མིན་པའི་གནས་ཚུལ་དེ་ནི་གློ་བུར་དུ་བྱུང་བས། གནམ་གྲུའི་སྟེང་གི་བྱ་བ་སྒྲུབ་མཁན་གྱི་བློ་ཡུལ་ལས་འདས་པ་དང་། དེ་འདྲའི་གནས་ཚུལ་འོག་ཏུ། ཁ་ལོ་བར་ཡང་ཆག་སྒོའི་གནས་ཚུལ་བཤད་ཁོམ་མ་བྱུང་བ་ཡིན་སྲིད་ཟེར།

ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མར་ཅིན་གྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁྱོན་ཡོངས་ནས་ཆག་སྒོ་དེར་རྟོག་ཞིབ་བྱེད་མགོ་བརྩམས་ཡོད་ལ། རྟོག་ཞིབ་བྱེད་སྐབས། འགྲུལ་སྐྱེལ་གནམ་གྲུ་དེ་བཀོལ་སྤྱོད་བྱེད་མགོ་བརྩམས་རྗེས་ཀྱི་ལག་རྩལ་ཉམས་གསོ་ཡིག་ཆ་དང་། འཕར་སྐྱོད་ལས་འགན་གྱི་ཐོ་འགོད། གནམ་གྲུའི་འཕུར་དབང་དཔང་ཡིག ཧྲ་མུའུ་ཧྲ་དབྱི་ཧི་ནས་ཧྲིན་པིས་ཏི་པའོ་བར་གྱི་ལམ་ཐིག་རི་མོ། འགྲུལ་བའི་མིང་ཐོ་སོགས་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།

མར་ཅིན་གྱིས་བཤད་པ་ལྟར་ན་རྟོག་ཞིབ་བྱ་བ་དེ་དུས་ཚོད་ཧ་ཅང་རིང་བོ་ཞིག་ལ་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།