ཕཱ་ལེ་སི་ཐན་གྱི་མང་ཚོགས་དང་དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་ནས། དབྱི་སི་རལ་གྱི་དམག་དཔུང་གིས་དུད་འཕྱུར་འབར་མདེལ་འཕང་ནས་རྒོལ་ལན་སྤྲོད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉེར་བཞིའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་བཤད་རྒྱུར། དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ། བྱེད་ཐབས་སྤྱད་ནས་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བར་འཐད་པ་བྱུང་ཟེར།

ཕཱ་ལེ་སི་ཐན་གྱི་མིས་ཨ་ཁི་སཱ་དབྱི་སི་ལན་ཆོས་ཁང་ཆེན་མོར་འབོད་པ་དང་། ཡིའུ་ཐེ་བས་ལྷ་ཁང་རི་ཞེས་སུ་འབོད་པའི་གནས་དེ་ནི་ཉེ་སྔོན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་མིའི་བར་དྲག་ཤུགས་དོན་རྐྱེན་མང་དུ་འབྱུང་ས་ཞིག་རེད།

ཁི་ལེ་ཡིས་ཅོར་ཏན་ནས་གོང་གི་རྣམ་འགྱུར་དེ་བསྟན་པ་རེད། ཅོར་ཏན་ནི་ཆོས་ལུགས་ཀྱི་གནས་མཆོག་དེའི་དངོས་གཞིའི་ངག་བཅོལ་དང་ལེན་བྱེད་མཁན་ཡིན་པ་རེད། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་བཀོད་པའི་གྲོས་མཐུན་ནང་དབྱི་སི་རལ་གྱིས་གནས་མཆོག་དེར་ད་ལྟ་ལག་བསྟར་བྱེད་བཞིན་པའི་མཇལ་ཕྱག་གཏན་འཁེལ་སྲུང་འཛིན་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། གནས་དེའི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བྱེད་པའི་གྲོས་མོལ་སྤེལ་བའི་འཆར་གཞི་ཡོད་པའི་ཚུལ་བསྟན་ཡོད།

ཀུན་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་མཇལ་ཕྱག་གི་གཏན་འཁེལ་བཅོས་བསྒྱུར་བྱེད་རྩིས་ཡོད་པས། ཕཱ་ལེ་སི་ཐན་གྱི་མིས་དབྱི་སི་རལ་ལ་འཇབ་རྒོལ་མང་དུ་བྱས་པ་རེད། གསར་དུ་བྱུང་བའི་དྲག་ཤུགས་དོན་རྐྱེན་ཁྲོད། ཕཱ་ལེ་སི་ཐན་གྱི་མིས་གྲི་དང་མེ་མདའ་བཀོལ་ནས་ཉུང་མཐར་ཡང་དབྱི་སི་རལ་གྱི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག་ཡོད།

ཉེ་བའི་གཟའ་འཁོར་འགའི་རིང་། འཇབ་རྒོལ་མཁན་དང་བཅས་པའི་ཕཱ་ལེ་སི་ཐན་གྱི་མི་ལྔ་བཅུ་ཙམ་དབྱི་སི་རལ་གྱིས་བསད་ཡོད།

ཁི་ལེ་ཡིས་དབུས་ཤར་ས་ཁུལ་དུ་འཚམས་འདྲི་བྱེད་བཞིན་ཡོད་པ་དང་། ཁོས་ཚེས་ཉེར་བཞིའི་ཉིན་ཨན་མན་ནས་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་པ་ཨ་པཱ་སི་དང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་གཉིས་དང་གྲོས་མོལ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།