ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྐབས་ཉེར་ལྔ་བའི་རྒྱལ་སྲུང་དཔོན་པོ་ཁ་ཐི་ཡིས་ཚེས་བཅུ་བདུན་ཉིན་ཕོ་བྲང་དཀར་པོ་ནས་དམ་བཅའ་བཞག་སྟེ་འགན་འཁུར། ཁོས་ཉིན་དེར་རང་གི་འགན་འཁུར་ཡུན་ནང་དུ་དམིགས་བསལ་གྱི་ལས་འགན་གསུམ་ཡོད་དེ། དེ་དག་ནི་ཙུང་ཐང་གི་ཇུས་ཆོད་ལ་གྲོས་གཞི་ལ་འདོན་རྒྱུ་དང་། ཨ་མེ་རི་ཁའི་བདེ་འཇགས་ལ་དོ་སྣང་དང་འཛམ་གླིང་གི་མགོ་ཁྲིད་གོ་གནས་ལ་ཁག་ཐེག་བྱེད་རྒྱུ། མ་འོངས་པར་ཁ་ཕྱོགས་པའི་དམག་དཔུང་ཞིག་འཛུགས་རྒྱུ་བཅས་ཡིན་ཞེས་བཤད།

འགན་འཁུར་བའི་མཛད་སྒོར་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པད་ཏིན་གྱིས་མགོ་འཛིན་བྱས་ལ། ཁ་ཐི་ཡི་ཁྱིམ་མི་དང་མགོ་ཁྲིད་པ་མང་བོ་ཉིན་དེའི་མཛད་སྒོར་ཞུགས། པད་ཏིན་གྱིས་ཁ་ཐི་ལས་གནས་འདིར་ཧ་ཅང་འཚམ་ཞེས་བསྟོད་བསྔགས་བྱས།

ཁ་ཐི་ཡིས་ཉིན་དེའི་མཛད་སྒོའི་སྟེང་བཤད་རྒྱུར། ཁོས་བཅོས་སྒྱུར་གྱི་དུས་རབས་འདི་ལ་དམིགས་བསལ་གྱི་ལས་འགན་གསུམ་གཙོ་གནད་དུ་འཛིན་རྒྱུ་ཡིན་ཏེ། གཅིག་ནི་ཁོས་ཨོ་པ་མར་ཆེས་ལྷག་བསམ་དག་པའི་གྲོས་གཞི་འདོན་སྤྲོད་བྱེད་རྒྱུ་ཡིན། གཉིས་ནི་ཁོས་ཨ་མེ་རི་ཁར་གནས་པའི་བདེ་འཇགས་འཇིགས་སྣང་ལ་དོ་སྣང་ཆེན་པོ་བྱས་ཏེ། ཨ་མེ་རི་ཁའི་འཛམ་གླིང་གི་མགོ་ཁྲིད་གོ་གནས་ལ་ཁག་ཐེག་བྱེད་རྒྱུ་ཡིན། གསུམ་ནི་ཁོས་མ་འོངས་པར་ཁ་ཕྱོགས་པའི་དམག་དཔུང་ཞིག་འཛུགས་རྒྱུའི་རེ་བ་འདོན་རྒྱུ་ཡིན་ཟེར། ཁོས་ཨ་མེ་རི་ཁའི་དམག་དཔུང་གིས་ཚན་རྩལ་ཁྱད་སྟོབས་མུ་མཐུད་སྲུང་འཛིན་བྱས་ཏེ། ན་གཞོན་པ་རྣམས་དམག་དཔུང་དུ་འགུག་དགོས་ཞེས་བཤད།

ད་ལྟ་ལོ་དྲུག་ཅུར་བུད་ཡོད་པའི་ཁ་ཐི་ཡིས་ཡུན་རིང་བོར་ཕོ་བྲང་དཀར་པོ་ནས་བྱ་བ་བསྒྲུབས་མྱོང་ལ། རྒྱལ་སྲུང་དཔོན་པོའི་ལག་རོགས་དང་རྒྱལ་སྲུང་དཔོན་པོ་གཞོན་པའི་འགན་འཁུར་མྱོང་བས། རྒྱལ་སྲུང་པུའུ་ནང་ཁུལ་གྱི་འཁོར་སྐྱོད་དང་ཨ་མེ་རི་ཁའི་རྒྱལ་སྲུང་སྲིད་ཇུས་ལ་ཧ་ཅང་རྒྱུས་མངའ་ཡོད། ཐེངས་འདིར་ཁོ་རང་ཨོ་པ་མས་ཙུང་ཐུང་གི་འགན་ཁུར་སྐབས་ཀྱི་ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་བཞི་བར་གྱུར་པ་རེད།

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་ཁ་ཐི་སྔོན་ལ་ཟུར་ལྔའི་ཐོག་ཁང་ཆེན་མོར་སོང་ནས། ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་ལ་གྲོས་མོལ་བྱས་རྗེས། ཕོ་བྲང་དཀར་པོར་སོང་ནས་འགན་འཁུར་དམ་བཅའ་བཞག ཉིན་དེའི་ཕྱི་དྲོར་ཁོ་ད་དུང་ཙུང་ཐུང་ཨོ་པ་མར་ཐུག་དགོས།

ཁ་ཐི་ཡིས་འགན་འཁུར་རྗེས། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མི་སྣ་གཙོ་བོ་དག་བརྗེ་སྤོར་བྱེད་རྒྱུ་ཡིན་པ་དང་། ཁ་ཐི་དང་ཁོའི་དཔུང་སྡེས་ཟུར་ལྔའི་ཐོག་ཁང་ཆེན་པོ་ནས་བྱ་བ་བསྒྲུབ་རྒྱུ་རེད།

མིག་སྔར་ཨ་མེ་རི་ཁས་ཕྱོགས་གཅིག་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་སྣང་སློང་བར་ཁ་གཏད་འཇལ་དགོས་པ་དང་། ཕྱོགས་གཞན་ནས་ད་དུང་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་དགོས་པས། ཁ་ཐི་ནི་དམག་འཁྲུག་སྐབས་ཀྱི་རྒྱལ་སྲུང་དཔོན་པོ་ཞིག་རེད་ཅེས་བཤད་ཆོག དེས་མི་ཚད་ཁོས་ད་དུང་ནང་ཁུལ་གྱི་བཅོས་སྒྱུར་མང་བོར་གདོང་གཏོད་དགོས། ཨ་མེ་རི་ཁའི་གསར་འགྱུར་ལས་ཁུངས་ཀྱིས་བཤད་རྒྱུར། ཁ་ཐི་ཡི་ལས་འགན་ཆེན་པོ་གསུམ་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་། ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པ། འོས་འཚམ་གྱི་སྐབས་སུ་ཝུའུ་ཁི་ལན་གྱི་གནས་བབ་ཁྲོད་ཞུགས་པ་བཅས་ཡིན་ཟེར། ཨ་མེ་རི་ཁའི་རྒྱལ་ནང་ནས་ཁ་ཐི་ད་དུང་རྒྱལ་སྲུང་སྔོན་རྩིས་ཇེ་ཉུང་དུ་སོང་བ་དང་། རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། རྒྱལ་སྲུང་པུའུ་ནང་ཁུལ་བཅོས་སྒྱུར་བྱེད་པ་སོགས་ཀྱི་འགྲན་རྩོད་ལ་འཕྲད་ཡོད།

ཨ་ཧྥུའུ་ཧན་གྱི་གནད་དོན་ཐད་ནས། ཁ་ཐི་ཡིས་མིག་སྔའི་དམག་དཔུང་ཕྱིར་འཐེན་དུས་ཚོད་ལ་ཡང་བསྐྱར་བསམ་གཞིགས་གཏོང་རྒྱུ་ཡིན་ཞེས་བཤད། དམག་དོན་དུས་སྐབས་ཚགས་པར་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཡང་བསྐྱར་དར་བཞིན་པས། ཁ་ཐི་ཡིས་ད་ལོའི་དཔྱིད་ཀར་ཕོ་བྲང་དཀར་པོར་དམག་ཕྱིར་འཐེན་གྱི་དུས་ཚོད་རྗེས་ལ་བསྣུར་བའི་ཐད་ནས་གྲོས་མོལ་བྱེད་རྩིས་ཡོད་ཟེར།

ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས། ཁ་ཐི་ཡིས་ཝུའུ་ཁི་ལན་དམག་ཕྱོགས་ལ་མཚོན་ཆ་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། གལ་ཏེ་མིག་སྔའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ལག་བསྟར་བྱེད་མ་ཐུབ་ན། ཁ་ཐི་ཡིས་ཨོ་པ་མ་ལ་ཝུའུ་ཁི་ལན་དམག་ཕྱོགས་ལ་མཚོན་ཆ་འདོན་སྤྲོད་བྱེད་པའི་ཚུལ་གྱིས་ཝུའུ་ཁི་ལན་གྱི་གནས་བབ་ཁྲོད་ཞུགས་རྒྱུའི་གྲོས་གཞི་འདོན་སྲིད། 

 རྒྱལ་སྲུང་སྔོན་རྩིས་ཀྱི་གནད་དོན་ཐད་ནས། ཉིས་སྟོང་བཅུ་དྲུག་ལོའི་སྔོན་རྩིས་རེ་ཞུ་ལས་སྔོན་རྩིས་སྔར་ལས་ཅུང་ཇེ་མང་དུ་སོང་ན་ཡང་། ཨ་མེ་རི་ཁའི་རྒྱལ་སྲུང་སྔོན་རྩིས་སྤྱིར་བཏང་གིས་ཇེ་ཉུང་དུ་འགྲོ་བའི་ཚུལ་མངོན་ཡོད། ཁ་ཐི་ཡིས་སྔོན་རྩིས་ཇེ་ཉུང་དུ་སོང་ན་ཨ་མེ་རི་ཁའི་དམག་དཔུང་གི་དམག་འཁྲུག་གྲ་སྒྲིག་ལ་གནོད་པ་བྱེད་སྲིད་ཅེས་བཤད་མྱོང་ལ། ཁོས་རང་གི་འགན་འཁུར་ཡུན་ནང་གནད་དོན་དེ་ཐག་གཅོད་འདོད་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།