ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་ཝེ་དང་སུའེ་ཏེན། ཧྥུན་ལན་བཅས་རྒྱལ་ཁབ་ཀྱི་ཆེད་མཁས་པས་ཚེས་ཉི་ཤུའི་ཉིན་ནོར་ཝེའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཐི་ལོང་མུའུ་སེ་ནས་བསྡུས་པའི་གླིང་སྣེ་བྱང་མའི་མདུན་གྲལ་ཞེས་པའི་ཚོགས་ཆེན་སྐབས་དགུ་བའི་སྟེང་སྙན་ཞུ་ཕུལ་ཏེ། རྒྱལ་ཁབ་གསུམ་གྱིས་གླིང་སྣེ་བྱང་མ་ས་ཁུལ་གྱི་གསར་སྤེལ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱུན་མཐུན་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁ་བྱང་ལ་བྱང་ཕྱོགས་ཀྱི་འཕར་སྣོན་ཏེ་ནོར་ཝེ་དང་སུའེ་ཏེན། ཧྥུན་ལན་བཅས་ཀྱིས་སི་ཁན་ཏི་ནཱ་ཝེ་ཡཱ་གླིང་སྣེ་བྱང་མ་ས་ཁུལ་གྱི་རྒྱུན་མཐུད་འཕར་སྣོན་ཇི་ལྟར་མངོན་འགྱུར་བྱེད་དགོས་ཞེས་པའི་སྙན་ཞུའི་ནང་། ཆེད་མཁས་པ་རྒྱལ་ཁབ་གསུམ་གྱིས་གཤེར་གཟུགས་རང་བྱུང་སོལ་རླངས་དང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས། ལྷད་མེད་ཐག་གཅོད་ཇུས་གཞི། གནས་སྐོར། དེ་མིན་འཁྱག་རོམ་ནམ་ཟླའི་ཐག་གཅོད་ཇུས་གཞི་སོགས་ཀྱི་ཐད་ནས་མཉམ་ལས་བྱས་ཏེ། གཅིག་གྱུར་གྱི་དོ་དམ་སྒྲོམ་གཞི་དང་ཤེས་ལྡན་མི་སྣ། ངལ་རྩོལ་ནུས་པའི་ཚོང་ར་བཅས་འཛུགས་སྐྲུན་བྱེད་པ་དང་། འགྲིམ་འགྲུལ་དང་རྨང་གཞིའི་སྒྲིག་ཆས་ཀྱི་ཡུན་རིང་འཆར་འགོད་གཏན་འབེབས་བྱས་ཏེ་གླིང་སྣེ་བྱང་མའི་ལས་དོན་ཐད་ནས་ལངས་ཕྱོགས་གཅིག་གྱུར་བྱེད་དགོས་ཟེར།

ནོར་ཝེའི་དབུ་བཞུགས་བློན་ཆེན་སུའུ་ཨར་པེ་ཀི་དང་། ཧྥུན་ལན་གྱི་ཙུང་ལི་སི་ཐུའུ་པུའུ། སུའེ་ཏེན་གྱི་ཡོ་རོབ་གླིང་བྱང་མའི་མཉམ་ལས་ལས་དོན་གྱི་འགན་ཁུར་བའི་བློན་ཆེན་ཕའེ་ཨར་སུང་བཅས་སྙན་ཞུ་སྤེལ་བའི་མཛད་སྒོར་ཞུགས་པར་མ་ཟད། སྙན་ཞུ་དེ་ལས་བཏོན་པའི་གྲོས་གཞིར་ཁས་ལེན་དང་རྒྱབ་སྐྱོར་བྱེད་རྒྱུའི་ཚུལ་བསྟན།

ཚོགས་ཡུན་གཟའ་འཁོར་གཅིག་ཡིན་པའི་གླིང་སྣེ་བྱང་མའི་མདུན་གྲལ་ཞེས་པའི་ཚོགས་ཆེན་སྐབས་དགུ་བ་དེ་ཚེས་བཅོ་བརྒྱད་ཉིན་ནོར་ཝེའི་གླིང་སྣེ་བྱང་མའི་ཁོངས་སུ་ཡོད་པའི་གྲོང་ཁྱེར་ཐི་ལོང་མུའུ་སེ་ནས་ཚོགས་པ་དང་། ད་ལོའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་ནམ་ཟླ་དང་ནུས་ཁུངས་ཞེས་པ་དེ་ཡིན། གྲོས་ཚོགས་དེས་སྲིད་ཇུས་གཏན་འབེབ་མཁན་དང་ཆེད་མཁས་པ། བཟོ་ཚོང་ལས་རིགས་ཀྱི་མི་སྣ་བཅས་ལ་གླིང་སྣེ་བྱང་མའི་གནད་དོན་ཐད་ནས་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་འདོན་སྤྲོད་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།