མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཧིན་རྡུ་ཉི་ཞི་ཡཱ་ནས་གར་སོང་མ་རྙེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-29 11:12

一架载有160多人的亚航客机从印尼飞往新加坡途中失联.jpg

གར་སོང་མ་རྙེད་པའི་གནམ་གྲུའི་དཔེ་མཚོན་རི་མོ།

12月28日,失联的马来西亚的亚洲航空公司QZ8501航班乘客的亲友在印度尼西亚泗水朱安达国际机场等候消息。.jpg

   ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། གར་སོང་མ་རྙེད་པའི་མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་གཏོང་ཐེངསQZ8501སྟེང་གི་མི་སྣའི་ཁྱིམ་མི་དང་གྲོགས་པོས་ཧིན་རྡུ་ཉི་ཞི་ཡཱའི་སི་ཧྲིས་ཀྲུའུ་ཨན་ཏཱ་གནམ་གྲུ་ཐང་དུ་གནས་ཚུལ་ལ་སྒུག་ཡོད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟིའི་ཧིན་རྡུ་ཉི་ཞི་ཡཱ་ནས་སིང་ག་ཕོར་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་གར་སོང་མ་རྙེད་པ་དང་། གནམ་གྲུའི་སྟེང་བསྡོམས་པས་མི་བརྒྱ་དང་ལྔ་ཅུ་ལྷག་ཡོད་ལ། མང་ཤོས་ནི་ཧིན་རྡུ་ཉི་ཞི་ཡཱའི་མི་རེད་ཟེར། ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་གནམ་གྲུ་དེའི་སྟེང་ཀྲུང་གོའི་སྤྱི་དམངས་མེད་པ་བདེན་དཔང་བྱས།

  མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་གཏོང་ཐེངསQZ8501དེ་ས་དེའི་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་སོ་ལྔའི་སྟེང་སི་ཧྲོས་ནས་འཕུར་བ་དང་། ཞོགས་པའི་དུས་ཚོད་བརྒྱ་དང་སྐར་མ་སུམ་ཅུའི་སྟེང་སིང་ག་ཕོར་གྱི་ཀྲང་དབྱིའི་གནམ་གྲུ་ཐང་དུ་འབྱོར་དགོས་པ་རེད། ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡིས་བསྟན་དོན། གནམ་གྲུ་དེ་འཕུར་ནས་སྐར་མ་བཞི་བཅུ་ཙམ་འགོར་རྗེས་གར་སོང་མ་ཤེས་པ་དང་། གར་སོང་མ་ཤེས་པའི་སྔོན་ཏག་ཏག་ལ་གནམ་གྲུ་དེའི་མཐོ་ཚད་སྨིད་དགུ་སྟོང་བདུན་བརྒྱ་ཡིན་པ་དང་། སྐབས་ཐོག་དེར་གནམ་གྲུའི་ཁ་ལོ་བས་འཕུར་ལམ་གཡོན་དུ་བསྒྱུར་ནས་སྤྲིན་ཕུང་ལ་ཡོལ་དགོས་པའི་རེ་ཞུ་བྱས་པར་མ་ཟད་གནམ་གྲུའི་མཐོ་ཚད་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན་རྗེས་གར་སོང་མ་རྙེད་ཟེར། གར་སོང་མ་རྙེད་པའི་གནམ་གྲུ་དེའི་སྟེང་གི་འབར་སྣུམ་གྱིས་གནམ་གྲུ་དུས་ཚོད་བཞི་དང་ཕྱེད་ཀ་ཙམ་ལ་འཕུར་ཐུབ་ཟེར།

  སིང་ག་ཕོར་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་གསལ་སྒྲོག་སྤེལ་ཏེ། གནམ་གྲུ་དེ་གར་སོང་མ་ཤེས་པའི་སྐབས་སུ་ཧིན་རྡུ་ཉི་ཞི་ཡཱའི་མངའ་ཁོངས་སུ་ཡོད་པ་དང་། གནས་དེ་ནི་སིང་ག་ཕོར་གྱི་གསང་འཕྲིན་ཁུལ་དང་ཧིན་རྡུ་ཉི་ཞི་ཡཱའི་གསང་འཕྲིན་ཁུལ་གྱི་འབྲེལ་མཚམས་དང་བར་ཐག་མཚོ་ལེ་ཉིས་བརྒྱ་ལྷག་ཡོད་པའི་མཚམས་རེད་ཟེར།

  ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡི་དཔོན་པོ་མུའུ་ཨར་ཡཱ་ཨ་ཐི་མའོ་ཆའོ་ཡིས་ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་ཡས་མས་སུ་བདེན་དཔང་བྱས་དོན། གནམ་གྲུའི་སྟེང་བསྡོམས་པས་མི་བརྒྱ་དང་རེ་གཅིག་ཡོད་པ་དང་། དེའི་ནང་འགྲུལ་བ་བརྒྱ་དང་ང་ལྔ་ཡོད་ལ། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་དྲུག་ཡོད་ཟེར། གནམ་གྲུ་དེའི་སྟེང་བསྡོམས་པས་ཧིན་རྡུ་ཉི་ཞི་ཡཱའི་མི་བརྒྱ་དང་ང་བཞི་ཡོད་པ་དང་། རྒྱལ་ཁབ་གཞན་པའི་སྤྱི་དམངས་བདུན་ཡོད་ལ། ཧན་གོའི་མི་གསུམ་དང་། སིང་ག་ཕོར་གྱི་མི་གཅིག མཱ་ལེ་ཞི་ཡཱའི་མི་གཅིག ཧྥ་རན་སིའི་མི་གཅིག དབྱིན་ཇིའི་མི་གཅིག་བཅས་ཡོད། དེའི་སྔོན་མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟིས་བཤད་པ་ལྟར་ན་གནམ་གྲུའི་སྟེང་བསྡོམས་པས་མི་བརྒྱ་དང་རེ་གཉིས་ཡོད་ཟེར།

  ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ས་ངོས་སུ་གར་སོང་མ་རྙེད་པའི་གནམ་གྲུའི་མྱུར་སྐྱོབ་བརྡ་འཕྲིན་འབྱོར་མེད་པ་དང་། རྒུད་སྐྱོབ་བྱ་བ་བྲེལ་མྱུར་གྱིས་སྤེལ་བཞིན་ཡོད་ཟེར།

  དེ་ལས་གཞན་མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟིས་གནམ་གྲུའི་སྟེང་གི་མི་སྣའི་ཁྱིམ་མི་དང་གྲོགས་པོར་བྲེལ་མྱུར་འབོད་གཏོང་ལྟེ་གནས་བཙུགས་ཡོད། སིང་ག་ཕོར་ཀྲང་དབྱི་གནམ་གྲུ་ཐང་སྡེ་ཚོགས་ཀྱིས་ཉམས་ཉེན་དོ་དམ་ལྟེ་གནས་ཀྱི་བྱ་བ་མགོ་བརྩམས་ཏེ། གནམ་གྲུ་ཐང་གི་ས་ཚིགས་གཉིས་པའི་ཐོག་ཁང་ནས་ཁྱིམ་མིའི་སྡོད་ས་ལས་པ་དང་། མཱ་ལེ་ཞི་ཡཱའི་ཙུང་ལི་ནཱ་ཅི་པུའུ་ཡིས་ཀྱང་བསྟན་དོན། མཱ་ལེ་ཞི་ཡཱ་སྲིད་གཞུང་གིས་མཱ་ལེ་ཞི་ཡཱའི་ཨེ་ཤ་ཡཱའི་མཁའ་འགྲུལ་ཀུང་ཟི་ལ་རོགས་རམ་བྱས་ཏེ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

  གནམ་གྲུ་གར་སོང་མ་རྙེད་པའི་རྗེས་སུ། ཧིན་རྡུ་ཉི་ཞི་ཡཱ་དང་མཱ་ལེ་ཞི་ཡཱ། སིང་ག་ཕོར་བཅས་ཀྱིས་མྱུར་དུ་སྔོག་བཤེར་བྱས་ཀྱང་། མིག་སྔར་ད་རུང་འགྲུལ་སྐྱེལ་གནམ་གྲུའི་གནས་ཚུལ་ཅི་ཡང་ཤེས་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག