མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངག་ཚོགས་པར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-28 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་དྲུག་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངག་ཚོགས་པའི་བཅའ་སྡོད་ས་ཁུལ་དུ་ཚེས་ཉེར་ལྔ་ཉིན་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་རྒྱལ་སྤྱིའི་གནམ་གྲུའི་ཐང་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་དེ་ལས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམག་མི་དང་མི་སེར་དཀྱུས་མར་ཤི་རྨས་ཐེབས། ཕན་ཅི་ཝུན་གྱིས་གནོད་ཐེབས་མཁན་གྱི་གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བྱས་པ་དང་། རྨས་མ་རྣམས་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངག་ཚོགས་པའི་མི་སྣ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣར་རོགས་སྐྱོར་བྱེད་རྒྱུའི་ཚུལ་བསྟན། ཕན་ཅི་ཝུན་གྱིས་བསྐྱར་སྒྲོག་བྱས་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སོ་མཱ་ལིའི་སྲིད་གཞུང་དང་མི་དམངས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཏེ། ཞི་བདེ་དང་བརྟན་འཇགས་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།

སོ་མཱ་ལི་རུ་སྡོད་པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཆེད་མངག་ཚོགས་པས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཆེད་མངག་ཚོགས་པའི་མའོ་ཅཱ་ཏིས་ཧྲ་གནམ་གྲུའི་ཐང་དུ་ཡོད་པའི་བཅའ་སྡོད་ས་ཁུལ་དུ་ཚེས་ཉེར་ལྔ་ཉིན་དྲག་ཆས་འཇབ་རྒོལ་ཐེབས་ཏེ། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་དམག་མི་གསུམ་དང་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་ཉེས་ཅན་ལྔ་ཤི་བ་དང་གཞན་ཡང་མི་གསུམ་འཛིན་བཟུང་བྱས། ཆེད་མངག་ཚོགས་པས་གནས་བབ་ཚོད་འཛིན་བྱས་པ་དང་བཅའ་སྡོད་ས་ཁུལ་གྱི་རྒྱུན་ལྡན་རྣམ་པ་སླར་གསོ་བྱུང་ཡོད། སོ་མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག