མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྐོར་ཐེངས་གསར་བའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་ཐེངས་གཉིས་པ་མེད་པར་བཟོས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-28 10:44

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཉིན་དེར་མེན་སི་ཁི་ནས་སྤེལ་བར་ཐག་བཅད་ཡོད་པའི་སྐོར་ཐེངས་གསར་བའི་ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་ཐེངས་གཉིས་པ་མེད་པར་བཟོས་ཟེར།

 ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་མུས་ལུང་ཆི་ཁི་ཡིས་ཉིན་དེའི་ཉིན་གུང་གསར་འགྱུར་ལས་རིགས་ལ་གོང་གི་གནས་ཚུལ་དེ་ཁྱབ་སྒྲོག་བྱས་ཀྱང་། གྲོས་མོལ་དེ་ཅི་ཞིག་ལ་མེད་པར་བཟོས་པའི་རྒྱུ་རྐྱེན་གསལ་བོར་མ་བཤད།

ཚེས་ཉེར་བཞིའི་ཉིན། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་དུས་ཚོད་ལྔ་ཙམ་གྱི་གྲོས་མོལ་ཐོག་མ་སྤེལ་བ་དང་། ཝུའུ་ཁི་ལན་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཁུའུ་ཆི་མཱ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་ཐཱ་ལེ་ཡཱ་ཝེ་ནེ། ཝུའུ་ཁི་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་ཙུའུ་ལཱ་པའོ་ཧྥུའུ་བཅས་གྲོས་མོལ་ལ་ཞུགས། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་དམངས་ཁྲོད་དྲག་ཆས་པའི་འཐུས་མི་གྲོས་མོལ་ལ་ཟུར་དུ་ཞུགས།

ཚེས་ཉེར་བཞིའི་ཉིན་གྱི་གྲོས་མོལ་ནི་གསང་བའི་རྣམ་པར་སྤེལ་བ་ཡིན་པ་དང་། གྲོས་བསྡུར་བྱེད་པའི་གྲོས་གཞི་ནི་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ལུའུ་ཀན་སི་ཁི་ཀྲིག་དང་ཏོན་ནེ་ཚི་ཁི་ཀྲིག་གི་གོ་གནས་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མཚོན་ཆ་ཆེ་གྲས་ཕྱིར་འཐེན་བྱེད་པ། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་པ་སོགས་གནད་དོན་རེད། ཝུའུ་ཁི་ལན་སྲིད་གཞུང་གི་དཔོན་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་སྲིད་གཞུང་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པས་བཟུང་དམག་བརྗེ་སྤོར་བྱེད་པའི་གནད་དོན་ཐད་ཀྱི་འགལ་བ་སེལ་ནས། ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པའི་དྲག་ཆས་མི་སྣ་ཉིས་བརྒྱ་དང་ཉེར་ལྔ་དང་ཝུའུ་ཁི་ལན་གྱི་དམག་མི་བརྒྱ་དང་ལྔ་བཅུ་བརྗེ་སྤོར་བྱས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག