མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨེ་པའོ་ལཱ་རིམས་ནད་བྱུང་སའི་རྒྱལ་ཁབ་དག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བསྐྱར་འཛུགས་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-06 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་དགུ་བའི་ཀྲུའུ་ཞི་ཁུའུ་ཐེ་སཱ་ཡིས་ཚེས་ལྔ་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་པའོ་ལཱ་རིམས་ནད་ལ་འགོག་བཅོས་བྱེད་པའི་ཞོར་དུ། གནོད་པ་ཐེབས་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དག་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སླར་གསོ་དང་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་ཨེ་པའོ་ལཱ་རིམས་ནད་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཇིགས་ཉེན་ཞེས་པ་བརྗོད་སྙིང་ཡིན་པའི་གྲོས་ཚོགས་བསྡུས། ཕན་ཅི་ཝུན་གྱིས་ཚོགས་ཐོག་ནས་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱིས་ཨ་ཧྥེ་རི་ཁ་ནུབ་མ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཚབས་ཆེན་བཟོས་ཡོད་ཅིང་། ནད་དུག་ལས་མི་སྟོང་དྲུག་ལྷག་རྐྱེན་ལམ་དུ་ཤོར་བ་ལས་གཞན་ད་རུང་མི་མང་བོ་ཞིག་ཉམས་ཞན་གྱི་སྨན་བཅོས་མ་ལག་དབང་གིས་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། རིམས་ནད་མ་བྱུང་གོང་། ཀེ་ནེ་ཡཱ་དང་ལི་པུ་ཡཱ། སེ་ར་ལེ་ཨོང་བཅས་ཀྱི་དཔལ་འབྱོར་ལ་གསོན་ཤུགས་རྒྱས་ཡོད་པར་མ་ཟད་རྒྱུན་མཐུད་ངང་འཕར་སྣོན་འབྱུང་བཞིན་ཡོད་ཀྱང་། ད་ལྟ་རྒྱལ་ཁབ་དེ་གསུམ་གྱི་དཔལ་འབྱོར་ཧ་ཅང་ཉམས་ཞན་དུ་གྱུར་ནས་འཕར་སྣོན་མཚམས་བཞག་ཡོད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་མཇུག་སྒྲིལ་བར་རོགས་རམ་བྱེད་པའི་ཞོར་དུ། གནོད་པ་ཐེབས་པའི་རྒྱལ་ཁབ་དག་མྱུར་མོར་སླར་གསོ་འབྱུང་བར་རྒྱབ་སྐྱོར་བྱས་ཤིང་། འབྲེལ་ཡོད་འགུལ་སྐྱོད་དེ་གཞི་རྒྱ་དང་ཤུགས་ཚད་ཐད་ནས་རིམས་ནད་མཇུག་སྒྲིལ་བའི་ཆེད་དུ་སྤེལ་བའི་འཛམ་གླིང་ཡོངས་ཀྱི་འགུལ་སྐྱོད་དང་བསྟུན་དགོས་པའི་འབོད་སྐུལ་བཏང་།

ཁུའུ་ཐེ་སཱ་ཡིས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱི་ཉམས་ཉེན་དེས་སྨན་བཅོས་ཀྱི་རྨང་གཞིའི་སྒྲིག་ཆས་སྟོབས་དང་ལྡན་པ་འཛུགས་སྐྲུན་བྱེད་པའི་དགོས་གལ་རང་བཞིན་སྔར་ལས་མངོན་གསལ་དུ་བཏང་ཡོད། རིམས་ནད་ལ་འགོག་བཅོས་བྱེད་པ་ལས་གཞན་མི་རྣམས་ཀྱིས་ངེས་པར་དུ་ཨེ་པའོ་ལཱ་རིམས་ནད་ཀྱི་གནོད་པ་ཐེབས་པའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་སླར་གསོ་བྱེད་པར་ཡང་མཐོང་ཆེན་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་པའོ་ལཱ་རིམས་ནད་ཀྱི་ནད་དུག་གནད་དོན་གྱི་ཆེད་མངག་ཕོ་ཉ་ནཱ་པཱ་ལོ་ཡིས་བཤད་རྒྱུར། ཨེ་པའོ་ལཱ་རིམས་ནད་ཀྱིས་ཀེ་ནེ་ཡཱ་དང་། ལི་པུ་ལི་ཡཱ། སེ་ར་ལེ་ཨོང་བཅས་ཀྱི་སྲིད་གཞུང་གི་ཁྲལ་བསྡུའི་ནུས་པ་ཇེ་ཞན་དུ་བཏང་བ་དང་། ཞོར་དུ་སྲིད་གཞུང་གི་འགྲོ་སོང་དེ་རིམས་ནད་ཀྱི་དབང་གིས་བརྒྱ་ཆའི་སུམ་ཅུ་འཕར་སྣོན་བྱུང་ཡོད། གོང་གི་རྒྱལ་ཁབ་དེ་དག་གི་ལས་ཤོར་དང་ཁྲལ་བསྡུ་ཇེ་ཉུང་དུ་སོང་བ། ཐོན་སྐྱེད་ནུས་པ་ཞན་པ། འཕར་སྣོན་དམའ་བ་སོགས་གནད་དོན་ཐག་གཅོད་བྱེད་ཆེད། ད་ལྟ་ནས་མགོ་བརྩམས་ཏེ་སྔར་ལས་སྟོབས་དང་ལྡན་པའི་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་དགོས་ཟེར།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག