མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཁྲེ་ཁྲིན་དྲག་ཆས་ཉེས་ཅན་གྱི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་དྲག་པོ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཞིའི་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨུ་རུ་སིའི་ཁྲེ་ཁྲིན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་ཀི་ལོ་ཙི་ནེ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་།

ཕན་ཅི་ཝུན་གྱིས་ཤི་བོའི་ཁྱིམ་མི་དང་ཨུ་རུ་སིའི་སྲིད་གཞུང་དང་མི་དམངས་བཅས་ལ་སྙིང་ཐག་པ་ནས་འཚམས་འདྲི་བྱས་པར་མ་ཟད་རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཁྲེ་ཁྲིན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བཞིའི་ཉིན་ཀི་ལོ་ཙི་ནེ་ཡི་སོ་ལྟ་ཁང་ཞིག་དུ་དཔུང་འཇུག་བྱས་པ་དང་། བཅའ་ཁྲིམས་ལག་བསྟར་མི་སྣས་དེ་མ་ཐག་དམག་དོན་འགུལ་སྐྱོད་སྤེལ་ཏེ། དྲག་ཆས་ཉེས་ཅན་བཅུ་བསད། ཨུ་རུ་སི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཁྱབ་སྒྲོག་བྱས་དོན། བཅའ་ཁྲིམས་ལག་བསྟར་མི་སྣ་བཅུ་ཀི་ལོ་ཙི་ནེ་ཡི་འཇིགས་སྐུལ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཉེར་བརྒྱད་ལ་རྨས་ཕོག་ཟེར།

ཁྲེ་ཁྲིན་སྤྱི་མཐུན་རྒྱལ་ཁབ་དེ་ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཀའོ་ཅཱ་སོ་རི་བརྒྱུད་བྱང་ངོས་སུ་གནས་པ་དང་། ཁྲིམས་འགལ་དྲག་ཆས་ཉེས་ཅན་དུས་རྒྱུན་ས་ཁུལ་དེར་འགུལ་སྐྱོད་བྱེད་བཞིན་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སིའི་སྲིད་གཞུང་གིས་ས་ཁུལ་དེའི་ཁྲིམས་འགལ་དྲག་ཆས་པར་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་ཞིང་། ཁྲིམས་འགལ་དྲག་ཆས་ཉེས་ཅན་གྱི་མགོ་བ་མི་ཉུང་བ་ཞིག་བསད་པའམ་འཛིན་བཟུང་བྱས་པ་དང་། ཁྲིམས་འགལ་དྲག་ཆས་ཉེས་ཅན་མང་བོས་རང་སྐྱོན་ངོས་ལེན་བྱས་ཏེ། ས་ཁུལ་དེའི་བདེ་འཇགས་གནས་བབ་མངོན་གསལ་གྱིས་ཇེ་བཟང་དུ་འགྲོ་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག