མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་རྒྱུའི་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལཱ་ཆི་ཡཱ་ནོའུ་ཡིས་ཚེས་བཞིའི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་རྒྱུའི་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ཏེ། ས་རྒྱུས་འཛམ་གླིང་ཡོངས་ཀྱི་ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་པར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀི་ལཱ་ཆི་ཡཱ་ནོའུ་ཡིས་འཛམ་གླིང་གི་ས་རྒྱུའི་ཉིན་མོའི་སྔོན་གོང་གི་བསམ་ཚུལ་དེ་བསྟན་པ་རེད། ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ཁྲོད། ས་རྒྱུུ་ནི་མིའི་རིགས་ཀྱི་སྨྲ་བ་བྲལ་བའི་མནའ་མཐུན་གྲོགས་པོ་ཡིན་ཡང་། མི་རྣམས་ཀྱིས་ས་རྒྱུ་ལ་མཐོང་ཆེན་དེ་འདྲ་བྱེད་ཀྱིན་མེད་ཟེར། ཁོས་ད་རུང་བསྟན་དོན། བདེ་ཐང་གི་ས་རྒྱུ་ནི་འབྲུ་རིགས་དང་འབར་རྫས། སྨན་རྫས་སོགས་ཀྱི་རྨང་གཞི་ཡིན་པར་མ་ཟད། ཆུའི་ཐོན་ཁུངས་ཀྱི་དོ་དམ་དང་ཐན་འགོག་ཉར་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད། བདེ་ཐང་གི་ས་རྒྱུ་ནི་ནམ་ཟླ་འགྱུར་ལྡོག་ཞི་འཇགས་སུ་གཏོང་བའི་འཐབ་ཇུས་ཡོ་བྱད་ཡིན་ཟེར།

ཀི་ལཱ་ཆི་ཡཱ་ནོའུ་ཡིས་བཤད་རྒྱུར། དེང་སྐབས་འཛམ་གླིང་སྟེང་མི་དུང་ཕྱུར་བརྒྱ་ལྷག་གིས་ལྟོགས་སྐོམ་མྱོང་བའམ་འཚོ་བཅུད་ཀྱིས་མི་འདང་བའི་གནས་ཚུལ་ཡོད་པ་དང་། འབྲུ་རིགས་ཀྱི་ཐོན་ཚད་བརྒྱ་ཆའི་དྲུག་ཅུ་ཇེ་མཐོར་བཏང་ན་ད་གཟོད་མི་རྣམས་ཀྱི་སྔར་ལས་ཇེ་མང་དུ་འགྲོ་བཞིན་པའི་དགོས་མཁོ་བསྐང་ཐུབ་ཟེར། འབྲུ་རིགས་དེ་གཙོ་བོ་ས་རྒྱུ་ལས་བྱུང་བ་ཡིན་པས་ས་རྒྱུའི་བདེ་ཐང་དང་ཐོན་སྐྱེད་ནུས་པར་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ། སྟབས་མི་ལེགས་པ་ཞིག་ལ་འཛམ་གླིང་ཡོངས་ཀྱི་བརྒྱ་ཆའི་སོ་གསུམ་གྱི་ས་རྒྱུའི་ཐོན་ཁུངས་ཉམས་ཞན་དུ་འགྲོ་བཞིན་ཡོད་པ་དང་། མིའི་རིགས་ཀྱིས་ས་རྒྱུ་ལ་བཟོས་པའི་གནོན་ཤུགས་ཚད་ལས་བརྒལ་ཡོད་པས། ས་རྒྱུའི་གཞི་རྩའི་བྱེད་ནུས་ཇེ་དམར་སོང་བའམ་ཐ་ན་རྩ་བ་ནས་ཉམས་ཡོད་ཟེར།

ཀི་ལཱ་ཆི་ཡཱ་ནོའུ་ཡིས་མི་རྣམས་ཉིས་སྟོང་བཅོ་ལྔ་ལོར་ས་རྒྱུའི་སྲུང་སྐྱོབ་བྱ་འགུལ་ལ་ཞུགས་ཏེ་ནུས་པ་གལ་ཆེན་འདོན་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག