ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་བཞི་ཉིན་ལོན་ཏོན་ནས་ཚོགས། རྒྱལ་ཁབ་དང་ས་ཁུལ་ལྔ་བཅུ་ལྷག་ནས་ཡོང་བའི་འཐུས་མིས་བྱང་ཆིངས་རྩ་འཛུགས་ཀྱིས་དམག་དཔུང་ཕྱིར་འཐེན་བྱས་རྗེས། མུ་མཐུད་དུ་ཨ་ཧྥུའུ་ཧན་རྒྱལ་ནང་གི་བཅོས་བསྒྱུར་དང་འཕེལ་རྒྱས་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།
དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་དང་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་གཉིས་ཀྱིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས། ཅཱ་ནེ་ཡིས་ཚོགས་ཐོག་ནས་མ་འོངས་པའི་ལོ་ངོ་བཅུའི་ཨ་ཧྥུའུ་ཧན་སྲིད་གཞུང་གི་བཅོས་བསྒྱུར་ཁ་ཕྱོགས་དང་བྱ་བའི་གཙོ་གནད་རྒྱས་བཤད་བྱས། དེའི་ནང་བདེ་འཇགས་ཁོར་ཡུག་དང་བརྟན་འཇགས་དཔལ་འབྱོར། དངུལ་ལོར་མ་ལག་བཅས་ལེགས་བཅོས་བྱེད་པ་དང་། སྲིད་གཞུང་གི་དོ་དམ་ལེགས་བཅོས་བྱེད་པ། འདེམ་བསྐོའི་ལམ་ལུགས་བཅོས་བསྒྱུར་བྱེད་པ། ཁྲིམས་སྐྱོང་ལ་ཡར་སྐུལ་བྱེད་པ། རུལ་སུངས་ལ་ཆམ་ཕབ་གཏོང་བ། དབུལ་སྐྱོར། གསར་གཏོད་ལས་ཞུགས། བུད་མེད་ཀྱི་ཁེ་དབང་འགན་སྲུང་སོགས་འདུས།
གྲོས་ཚོགས་ལ་ཞུགས་པའི་ཕྱོགས་སོ་སོས་ཚོགས་འདུ་གྲོལ་རྗེས་མཉམ་འབྲེལ་སྤྱི་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་རེ་འདུན་ལ་དགའ་བསུ་བྱས་པ་དང་། ཅཱ་ནེ་ཡིས་བཏོན་པའི་བཅོས་བསྒྱུར་ཇུས་གཞི་ཡིས་ཨ་ཧྥུའུ་ཧན་གྱི་མ་འོངས་པའི་འཕེལ་རྒྱས་ལ་ཡིད་རྟོན་རུང་བའི་སྒྲོམ་གཞི་འདོན་སྤྲོད་བྱེད་ཐུབ་པར་འདོད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།