མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་གྱི་གྲོས་ཁང་གིས་འདེམ་ཤོག་འཕང་སྟེ་གྲོས་ཁང་གཏོར་བའི་གྲོས་གཞི་ལ་གྲོས་འཆམ་བྱུང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-04 14:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྲོས་ཁང་གིས་ཚེས་ག་སུམ་ཉིན་འདེམ་ཤོག་འཕང་སྟེ་གྲོས་ཁང་གཏོར་བའི་གྲོས་གཞི་ལ་གྲོས་འཆམ་བྱུང་། གལ་ཏེ་གྲོས་གཞི་དེར་རྗེས་ཕྱོགས་ཡང་བསྐྱར་འདེམ་ཤོག་འཕེན་སྐབས་གྲོས་འཆམ་བྱུང་ན། དབྱི་སི་རལ་གྱི་གྲོས་ཁང་དེ་གཏོར་རྒྱུ་ཡིན་པ་དང་། སང་ལོའི་ཟླ་གསུམ་པར་ལོ་གཉིས་ཀྱིས་སྔ་སྣུར་སྒོས་གྲོས་ཁང་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་རེད།

ཉིན་དེའི་འདེམ་ཤོག་འཕེན་སྐབས། གྲོས་ཚོགས་ལ་ཞུགས་པའི་དབྱི་སི་རལ་གྱི་གྲོས་མིའི་འདེམ་ཤོག་གྱ་བཞི་འཐད་པ་བྱུང་བ་དང་། འདེམ་ཤོག་གཅིག་གིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་ཁང་གཏོར་བའི་གྲོས་གཞི་དེར་གྲོས་འཆམ་བྱུང་། དབྱི་སི་རལ་གྱི་བཅའ་ཁྲིམས་གཏན་འཁེལ་ལྟར་ན། གྲོས་ཁང་གཏོར་ན་འདེམ་ཤོག་འཕེན་པའི་བྱ་འགུལ་ཐོག་མ་སྤེལ་རྗེས་ཡང་བསྐྱར་ཐེངས་གསུམ་ལ་འདེམ་ཤོག་འཕེན་དགོས་པ་དང་། མཇུག་མཐའི་འདེམ་ཤོག་འཕང་བའི་མཇུག་འབྲས་དེ་གཟའ་འཁོར་རྗེས་ནར་ཁྱབ་སྒྲོག་བྱེད་རྒྱུ་རེད།

ཉིན་དེའི་སྔ་དྲོར། དབྱི་སི་རལ་གྲོས་ཁང་གི་མགྲིན་ཚབ་པ་ཞིག་གིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་སི་རལ་ག྄ཡི་སྲིད་ཏང་སོ་སོའི་བསམ་འཆར་ལ་ཉན་རྗེས། སང་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།

སྐབས་འདིའི་དབྱི་སི་རལ་མཉམ་འབྲེལ་སྲིད་གཞུང་བཙུགས་པའི་ཚུན་ལ། ཏང་ཁག་མི་འདྲ་བའི་བར་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་དང་། དབྱི་སི་རལ་རྒྱལ་ནང་གི་དཔལ་འབྱོར། དབྱི་སི་རལ་ཡིའུ་ཐེ་བའི་རྒྱལ་ཁབ་ཁྱད་ཆོས་སོགས་གནད་དོན་ཐད་ནམ་རྒྱུན་འགལ་བ་ཡོད། ཟླ་ངོ་འགར་རྩོད་གླེང་བྱས་རྗེས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན་ནོར་སྲིད་པུའུ་ཀྲང་ལཱ་ཕིས་ཏི་དང་ཁྲིམས་འཛིན་པུའུ་ཀྲང་ལེ་ཧྥུའུ་ནེ་ཡི་ལས་འགན་ལེན་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། ཁོ་རང་ཉིད་ཀྱིས་གྲོས་ཁང་གཏོར་ནས་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག