མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་དམངས་ཁྲོད་སྤྱི་ཚོགས་དང་སྒེར་གཉེར་སྡེ་ཁག་གིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-04 14:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཧྥེ་ཀི་ལོས་སི་ཡིས་ཚེས་གསུམ་ཉིན་ཕེ་རུའི་རྒྱལ་ས་ལེ་མཱ་ནས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་དམངས་ཁྲོད་སྤྱི་ཚོགས་དང་སྒེར་གཉེར་སྡེ་ཁག་གིས་སྔར་ལས་བརྩོན་སེམས་བསྐྱེད་པའི་རྣམ་འགྱུར་བཟུང་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྥེ་ཀི་ལོས་སི་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སྲིད་གཞུང་གིས་ནམ་ཟླའི་འགྱུར་ལྡོག་གནད་དོན་ཐག་གཅོད་བྱེད་པར་འགན་འཁྲི་དང་དམིགས་འབེན་གཏན་འཁེལ་བྱེད་དགོས་ཀྱང་། སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་དང་། ཁྱད་པར་དུ་དམངས་ཁྲོད་དང་སྒེར་གཉེར་སྡེ་ཁག་སྔར་ལས་བརྩོན་སེམས་ཆེན་མོས་བྱ་འགུལ་དེའི་ཁྲོད་ཞུགས་དགོས་ཟེར།

ཧྥེ་ཀི་ལོས་སི་ཡིས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་ནི་སྲིད་གཞུང་གི་འགན་འཁྲི་ཡིན་པར་མ་ཟད། སྤྱི་ཚོགས་ཀྱི་འགན་འཁྲི་ཡིན་ལ། མི་སུ་ཡིན་ཡང་ཕན་ཚུན་ལ་ལྟ་རྟོག་བྱེད་དགོས་ཟེར། ཁོ་མོས་བསྟན་དོན། སྒེར་གཉེར་ཁེ་ལས་ཀྱིས་ལྷད་མེད་ཚན་རྩལ་གྱི་གསར་གཏོད་དང་འཕེལ་རྒྱས་བྱ་བ་སྤེལ་བ་དང་། དངུལ་གཏོང་སྡེ་ཁག་གིས་ཀྱང་དེ་ཚད་གཞིར་བཟུང་ནས་དངུལ་གཏོང་ལ་ཚོད་འཛིན་བྱེད་དགོས། མིག་སྔར་རྒྱལ་ཁབ་སོ་སོར་མཚོན་ན་འཕེལ་སྟངས་བསྒྱུར་བ་ནི་ལྡོག་མེད་ཀྱི་ལས་འགན་ཞིག་ཡིན་པ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་གིས་སྔར་ལས་ལྷག་པའི་སྒོ་ནས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ཀྱི་ཞིབ་འཇུག་དང་འབྲེལ་ཡོད་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལ་དོ་སྣང་བྱེད་དགོས་ཟེར།

ཧྥེ་ཀི་ལོས་སི་ཡིས་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ལ་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དོ་སྣང་བྱེད་བཞིན་ཡོད་པས་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་དགུ་བཅུ་ལྷག་གི་འཐུས་མི་ལེ་མཱའི་ནམ་ཟླའི་ཚོགས་ཆེན་ལ་ཞུགས་པ་དང་། རྒྱལ་ཁབ་སོ་སོས་གྲོས་མོལ་གང་ལེགས་བྱེད་པའི་འདོད་འདུན་བསྟན་ཡོད་ལ། དེས་ལེ་མཱའི་ནམ་ཟླའི་ཚོགས་ཆེན་ནས་སང་ལོའི་ཕཱ་རེ་སིའི་གྲོས་མཐུན་འགོད་པར་ཐོག་མའི་འཆར་ཟིན་ཞིག་འགོད་པར་རྨང་གཞི་བཏང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ཐེངས་ཉི་ཤུ་བ་དང་ཅིན་ཏུའུ་གྲོས་ཆོད་ཡི་གེ་བཀོད་པའི་རྒྱལ་ཁབ་ཀྱི་གྲོས་ཚོག་ཐེངས་བཅུ་བ་དེ་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཕེ་རུའི་རྒྱལ་ས་ལེ་མཱ་ནས་ཚོགས་མགོ་བརྩམས་པ་དང་། ཚོགས་ཞུགས་འཐུས་མི་ཚོས་ཉིན་བཅུ་གཉིས་ཀྱི་ཉིན་རིམ་ནང་ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག