མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་སོ་མཱ་ལི་ནས་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-04 14:27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སོ་མཱ་ལི་ནས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་ནས་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་། ཁོས་འཇབ་རྒོལ་མཁན་དེ་བཅའ་ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད་པ་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏིས་ཧྲ་ནས་ཉིན་དེའི་སྔ་དྲོར་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ལས་སོ་མཱ་ལིའི་ལམ་འགྲོ་བ་དང་བདེ་སྲུང་མི་སྣ་འགར་ཤི་རྨས་ཐེབས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་ལ་གཏོར་བརླག་ཐེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣར་ཤི་རྨས་ཐེབས་མེད། ཕན་ཅི་ཝུན་གྱིས་ཤི་བོའི་ཁྱིམ་མིར་འཚམས་འདྲི་བྱས་པ་དང་། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཕན་ཅི་ཝུན་གྱིས་ནན་གྱིས་བསྟན་དོན། འཇིགས་སྐུལ་རིང་ལུགས་ཀྱི་འཇབ་རྒོལ་དོན་རྐྱེན་ལ་ཉེས་པ་འདག་པར་བྱེད་པའི་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད་ཟེར། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་སོ་མཱ་ལིའི་མི་དམངས་དང་སྲིད་གཞུང་དང་མཉམ་དུ་འབད་བརྩོན་བྱས་ཏེ། སོ་མཱ་ལིའི་མིས་ཞི་བདེ་དང་དར་རྒྱས་བསྐྱར་འཛུགས་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས།

སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། མའོ་ཅཱ་ཏིས་ཧྲའི་གནམ་གྲུ་ཐང་གི་ཉེ་འདབས་སུ་བཞག་ཡོད་པའི་རླངས་འཁོར་ཞིག་ཉིན་དེའི་སྔ་དྲོར་གློ་བུར་དུ་འགས་གཏོར་བྱུང་སྟེ། ལམ་འགྲོ་བ་བཞི་རྐྱེན་ལམ་དུ་ཤོར་བ་དང་། བདེ་སྲུང་མི་སྣ་དྲུག་དང་མི་སེར་དཀྱུས་མ་གཉིས་ལ་རྨས་ཕོག ལམ་དུ་བགྲོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་གཉིས་ལ་གཏོར་བརླག་ཐེབས། ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འཇབ་རྒོལ་བྱེད་སའི་དམིགས་ཡུལ་ནི་སྐབས་ཐོག་དེར་ལམ་དེ་བརྒྱུད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་རུ་ཁག་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག