མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཁུན་ནེ་ཡཱའི་བྱང་ཕྱོགས་ས་ཁུལ་ནས་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་བྱུང་བར་རྒོལ་གཏམ་དྲག་པོ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:49

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གཉིས་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་མན་ཏི་ལཱ་ས་ཁུལ་ནས་ཉིན་དེར་བྱུང་བའི་མི་སེར་དཀྱུས་མར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འཇབ་རྒོལ་མཁན་མྱུར་མོར་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་གནོད་ཐེབས་མཁན་གྱི་ཁྱིམ་མི་དང་ཁུན་ནེ་ཡཱའི་མི་དམངས། སྲིད་གཞུང་བཅས་ལ་འཚམས་འདྲི་བྱས། ཁོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁུན་ནེ་ཡཱ་ཡིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་ནང་གི་འབྲེལ་ཡོད་བཅའ་ཁྲིམས་ལྟར་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེའི་ཞོགས་པར་ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་མན་ཏི་ལཱ་ས་ཁུལ་གྱི་རྡོ་བཟོའི་ར་བ་ཞིག་ལ་འཇབ་རྒོལ་བྱས་པ་དང་། ཉུང་མཐར་ཡང་ས་དེའི་བཟོ་བ་སོ་དྲུག་དམར་གསོད་བཏང་། ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འཇབ་རྒོལ་མཁན་ནི་སོ་མཱ་ལིའི་ཆོས་ལུགས་ཐལ་སྤྱོད་རྩ་འཛུགས་ཀྱི་ན་གཞོན་ཏང་གི་ཁོངས་མི་ཡིན་སྲིད་ཟེར།

མན་ཏི་ལཱ་ས་ཁུལ་དེ་ཁུན་ནེ་ཡཱ་དང་སོ་མཱ་ལིའི་མཐའ་མཚམས་ས་ཁུལ་དུ་གནས་ཡོད་པ་དང་། ཉིས་སྟོང་བཅུ་གཅིག་ལོར་ཁུན་ནེ་ཡཱ་ཡིས་སོ་མཱ་ལི་རུ་དམག་དཔུང་མངག་ནས་ན་གཞོན་ཏང་གི་དྲག་ཆས་པར་ཆམ་ཕབ་བཏང་རྗེས། ས་ཁུལ་དེ་དང་ཁུན་ནེ་ཡཱའི་ཤར་ཕྱོགས་ཀྱི་ས་ཁུལ་རེ་འགར་དུས་ངེས་མེད་དུ་འགས་གཏོར་འཇབ་རྒོལ་དོན་རྐྱེན་འབྱུང་བཞིན་ཡོད།

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་ཡོད་པའི་ཆོས་ལུགས་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན། རྩ་འཛུགས་དེས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བར་ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་ནས་ཝེ་སི་ཐི་ཀའེ་ཐི་ཉོ་ཚོང་ལྟེ་གནས་ཀྱི་འཇབ་རྒོལ་དོན་རྐྱེན་བཟོས་ཏེ། མི་རེ་བདུན་རྐྱེན་ལམ་དུ་ཤོར་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག