མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པུ་ཡཱའི་དྲག་ཆས་འཁྲུག་རྩོད་ལས་མི་བཅུ་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-03 11:49

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་ནུབ་ཕྱོགས་ས་ཁུལ་གྱི་གྲོང་རྡལ་ཆུང་བ་ཙུའུ་ཝ་ལཱ་དང་ཤར་ཕྱོགས་ཀྱི་གྲོང་ཁྱེར་པན་ཅཱ་ཞི་ནས་ཚེས་གཉིས་ཉིན་ཡང་བསྐྱར་དྲག་ཆས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་བདུན་ལ་རྨས་ཕོག་ཟེར།

ལི་པུ་ཡཱའི་ཆོས་ལུགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པའི་དམངས་དམག་དྲག་ཆས་པ་ལི་པུ་ཡཱའི་སྐྱ་རེངས་ཞེས་པའི་མགྲིན་ཚབ་པ་ཀྲུའུ་མཱ་ཡིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཚོགས་པ་དེས་ཚོད་འཛིན་བྱེད་པའི་ཙུའུ་ཝ་ལཱ་རུ་ཉིན་དེར་ལི་པུ་ཡཱའི་རྒྱལ་དམངས་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས་ཏེ། མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག་ཟེར།

གཞན་ཡང་ལི་པུ་ཡཱའི་འཕྲོད་བསྟེན་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཉིན་དེར་པན་ཅཱ་ཞིའི་ཅཱ་ལེ་སྨན་ཁང་གི་ཉེ་འདབས་ནས་འཁྲུག་རྩོད་བྱ་འགུལ་སྤེལ་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བདུན་ལ་རྨས་ཕོག མིང་བཤད་མི་འདོད་པའི་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་གསར་འགོད་པར་བཤད་རྒྱུར། དྲག་ཆས་ཉེས་ཅན་དེ་དག་གི་དཔུང་འཇུག་བྱེད་སའི་དམིགས་ཡུལ་ནི་ཅཱ་ལེ་སྨན་ཁང་ཡིན་པ་དང་། སྨན་ཁང་དེར་ལི་པུ་ཡཱའི་རྒ྄ཡལ་དམངས་དམག་དཔུང་གི་རྨས་མ་མང་བོར་གསོ་བཅོས་བྱེད་བཞིན་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག