མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་ཙུང་ལི་ཡིས་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་རྩོད་གཞིའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-01 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་འཐུས་ཚབ་ཚོགས་པར་ཐུག་འཕྲད་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཧུར་ཐག་གིས་རྩོད་གཞིའི་གནད་དོན་ཐག་གཅོད་བྱས་ཏེ། མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འགོག་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་ཏིས་ཀྱིས་ཉིན་དེར་རྒྱལ་ས་པཱ་ཀ་ཏཱ་ནས་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་སྲིད་གཞུང་གི་ཙུང་ལི་པཱ་ཨར་ཀྲ་ནེ་སོགས་ལ་ཐུག་འཕྲད་བྱས། དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསལ་སྒྲོག་ཅིག་ལས། ཕྱོགས་གཉིས་ཀྱིས་རྡོ་སྣུམ་ཕྱིར་གཏོང་སོགས་རྩོད་གཞི་ཆེ་བའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་པཱ་ཏིས་ཀྱིས་གྲོས་མོལ་བྱེད་སྐབས་དབྱི་རག་རྒྱལ་ཁབ་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བ་དང་། དེང་སྐབས་ཀྱི་འཇིགས་སྐུལ་རིང་ལུགས་ཀྱིས་དབྱི་རག་མི་དམངས་ཡོངས་ལ་འཇིགས་ཉེན་ཆེན་པོ་བཟོས་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་རྩོད་གཞི་ཆེ་བའི་གནད་དོན་ཐག་གཅོད་བྱེད་པར་རེ་བ་ཆེན་པོ་བཏོན། གནད་དོན་གང་ཡིན་ཡང་རྩ་ཁྲིམས་ལྟར་དུ་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་ཐག་གཅོད་བྱས་ཆོག་ཟེར།

པཱ་ཨར་ཀྲ་ནེ་ཡིས་གྲོས་མོལ་བྱེད་སྐབས་ཨ་པཱ་ཏིས་ཀྱིས་དབྱི་རག་ཕྱོགས་ཁག་སོ་སོའི་འགལ་བ་སེལ་བའི་ཐད་བརྩོན་པའི་རྣམ་འགྱུར་ལ་གཟེངས་བསྟོད་བྱས་པ་དང་། ཁོས་སྤྱད་པའི་འགུལ་སྐྱོད་བཀའ་རྒྱ་དེས་དབྱི་རག་གི་མི་དམངས་ལ་སྐུལ་མ་ཐེབས་ཡོད་ལ། ཀྲུང་དབྱང་སྲིད་གཞུང་དང་མཉམ་དུ་གྲོས་མོལ་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་རྩོད་གཞིའི་གནད་དོན་ཐག་གཅོད་བྱེད་པའི་འཐབ་ཇུས་འཚོལ་ཞིབ་བྱེད་པར་རེ་སྒུག་བྱས་ཡོད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག