མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕཱ་ཁི་སི་ཐན་གྱི་ངོ་རྒོལ་ཏང་གིས་རྒྱལ་ཡོངས་ཀྱི་ལས་བྱོལ་ཆེན་མོའི་བྱ་འགུལ་སྤེལ་རྒྱུ་ཡིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-01 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་གྱི་ངོ་རྒོལ་ཏང་དྲང་བདེན་འགུལ་སྐྱོད་ཏང་གི་མགོ་ཁྲིད་པ་དབྱེ་མུའུ་ལན་ཧན་གྱིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུའི་ཉིན་བསྟན་དོན། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལས་བྱོལ་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

དྲང་བདེན་འགུལ་སྐྱོད་ཏང་གིས་ཉིན་དེར་རྒྱལ་ས་དབྱི་སི་ལན་པའོ་ནས་རྒྱབ་སྐྱོར་མཁན་ཁྲི་འགའ་བསྡུས་ཏེ་འདུ་ཚོགས་སྤེལ། དབྱི་མུའུ་ལན་ཧན་གྱིས་གཏམ་བཤད་སྤེལ་སྐབས་བསྟན་དོན། ཟླ་བཅུ་གཉིས་པའི་ཚེས་བཞི་དང་། ཚེས་བརྒྱད། ཚེས་བཅུ་གཉིས་བཅས་ལ་སོ་སོར་ལཱ་ཧི་ཨར་དང་ཧྥེ་སཱ་ལཱ་པཱ་ཏི། ཁཱ་ལཱ་ཆི་བཅས་ནས་ལས་བྱོལ་བྱེད་རྒྱུ་ཡིན་པ་དང་། ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ལས་བྱོལ་བྱེད་རྒྱུ་ཡིན་ཟེར།

དབྱེ་མུའུ་ལན་ཧན་གྱིས་བཤད་རྒྱུར། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ལས་ཁུར་དགོངས་ཞུ་མ་བྱས་ན། ངོ་རྒོལ་བྱ་འགུལ་མཚམས་འཇོག་མི་སྲིད་ཟེར། ཁོས་བསྟན་དོན། དབྱི་སི་ལན་པའོ་རུ་འཇམ་སྡོད་བྱས་ཏེ་ངོ་རྒོལ་བྱེད་པའི་བྱ་བ་མུ་མཐུད་དུ་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ནང་གི་གྲོང་ཁྱེར་ཆེན་པོ་སོ་སོའི་སྒྲིག་ལམ་སྔ་གཞུག་ཏུ་ཐོར་ངེས་རེད་ཟེར། དབྱེ་མུའུ་ལན་ཧན་གྱིས་ན་ནིང་གི་འདེམ་བསྐོའི་བྱ་འགུལ་ལ་གཡོ་བཅོས་བྱས་པའི་བྱ་སྤྱོད་ཡོད་པ་བསྐྱར་སྒྲོག་བྱས།

དེའི་སྔོན་དབྱི་མུའུ་ལན་ཧན་གྱིས་མུའུ་སི་ལིན་མནའ་འབྲེལ་གྱིས་ན་ནིང་གི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་ཁྲོད་འདེམ་བསྐོའི་མཇུག་འབྲས་ལ་གཡོ་བཅོས་བྱས་པར་སྐྱོན་འཛུགས་བྱས་ཤིང་། ཙུང་ལི་ཞེ་ལི་ཧྥུའུ་ཡིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཡང་བསྐྱར་འདེམ་བསྐོའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།

ངོ་རྒོལ་ཕྱོགས་ཁག་གིས་སྐྱོན་འཛུགས་བྱས་ཀྱང་ཞེ་ལི་ཧྥུའུ་ཡིས་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁས་ལེན་མ་བྱས་པ་དང་། ཁོས་ད་ལྟའི་སྲིད་གཞུང་གིས་རྩ་ཁྲིམས་ལྟར་དུ་ལོ་ལྔའི་འགན་ཚད་ཡོངས་འགྲུབ་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། ངོ་རྒོལ་ཏང་གིས་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པའི་གྲོས་གཞི་བཏོན།

ཕཱ་ཁི་སི་ཐན་སྲིད་གཞུང་གི་འཐུས་མི་དང་ངོ་རྒོལ་ཏང་གི་འཐུས་མིས་གྲོས་མོལ་ཐེངས་འགའ་བྱས་ཏེ། སྔ་མོ་ནས་ཆབ་སྲིད་ཉམས་ཉེན་མཇུག་སྒྲིལ་དུ་འཇུག་རྩིས་བྱས་ཀྱང་། གྲུབ་འབྲས་མངོན་གསལ་ཐོབ་མེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག