མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁའི་ཉེན་རྟོག་པས་དྲག་སྤྱོད་སྤེལ་བར་རྒོལ་གཏམ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-30 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་ལ་ངོ་རྒོལ་བྱེད་པའི་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་བརྒྱད་ཉིན་རི་ནེ་ཝ་ནས་སྙན་ཞུ་སྤེལ་ཏེ། ཨ་མེ་རི་ཁས་རྒྱལ་ཁབ་རང་གི་ཉེན་རྟོག་པའི་དྲག་སྤྱོད་སྤེལ་བའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་།

སྙན་ཞུ་ལས་བཤད་རྒྱུར། ཨུ་ཡོན་ལྷན་ཁང་གིས་ཨ་མེ་རི་ཁའི་ཁྲིམས་འཛིན་མི་སྣས་དྲག་སྤྱོད་སྤེལ་བ་དང་ཐལ་དྲགས་པའི་སྒོ་ནས་དྲག་ཤུགས་བེད་སྤྱོད་བྱེད་པའི་གནས་ཚུལ་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཁྱད་པར་དུ་གྲངས་ཉུང་མི་རིགས་དང་གནས་སྤོར་སྡོད་དམངས་ལ་དྲག་སྤྱོད་སྤེལ་བ་རེད་ཟེར། ཨུ་ཡོན་ལྷན་ཁང་གི་ཁོངས་མི་པུའུ་ལུའུ་ནེ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ནས་རྒྱུད་དུ་འབྱུང་བཞིན་པའི་ཉེན་རྟོག་པས་དྲག་ཆས་ཅི་ཡང་བཟུང་མེད་པའི་མི་ནག་བསད་པའི་དོན་རྐྱེན་ལ་ཨུ་ཡོན་ལྷན་ཁང་གིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཨ་མེ་རི་ཁའི་མཐོ་རིམ་དཔོན་པོས་གྲུབ་པའི་འཐུབ་ཚབ་ཚོགས་པ་རི་ནེ་ཝ་རུ་སོང་མྱོང་བ་དང་། ཉིས་སྟོང་དགུ་ལོའི་ཚུན་ལ། ཨ་མེ་རི་ཁས་ཉེན་རྟོག་པས་གང་འདོད་བྱེད་པའི་གནད་དོན་ལ་རྟོག་ཞིབ་གསལ་བོ་ཐེངས་ཉི་ཤུ་ལྷག་བྱས་པ་དང་། ཉེན་རྟོག་པ་སུམ་བརྒྱ་དང་སུམ་ཅུ་ལྷག་གིས་དྲག་སྤྱོད་སྤེལ་བའི་དབང་གིས་ཞུ་གཏུག་བྱས་ཡོད་ཟེར། ཨུ་ཡོན་ལྷན་ཁང་དེས་བལྟས་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱུ་ཆ་མང་བོ་འདོན་སྤྲོད་བྱས་མེད་པས། ཨ་མེ་རི་ཁས་མྱུར་དུ་ཉེན་རྟོག་པས་དྲག་སྤྱོད་སྤེལ་བའི་བྱ་བར་ཕྱོགས་ཡོངས་ནས་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་སྐུལ་མ་བཏང་།

 ཨུ་ཡོན་ལྷན་ཁང་དེས་ཨ་མེ་རི་ཁའི་བཅའ་ཁྲིམས་ལག་བསྟར་མི་སྣས་དྲག་ཆས་བེད་སྤྱོད་བྱེད་སྐབས་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སྒེར་ཚུགས་ཀྱི་ལས་ཁུངས་བཙུགས་ནས། ཉེན་རྟོག་པའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དང་དྲག་ཤུགས་གང་འདོད་དུ་བཀོལ་བའི་གནས་ཚུལ་ལ་མྱུར་དུ་ཕན་ནུས་ལྡན་པའི་རྟོག་ཞིབ་གསལ་བོ་ཞིག་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག