ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱི་རག་གི་ཙུང་ཐུང་གཞོན་པ་མཱ་ལེ་ཅི་ཡིས་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན་པེ་རུ་ཐི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་གྱི་འགུལ་སྐྱོད་སྤེལ་ཏེ། མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་། མཱ་ལེ་ཅི་ཉིན་དེའི་ཕྱི་དྲོར་པེ་རུ་ཐི་རུ་འབྱོར་ནས་ལེ་པཱ་ནུན་ལ་འཚམས་འདྲི་བྱས་པ་རེད།
ཁོས་གནམ་གྲུ་ཐང་ནས་གསར་འགྱུར་ལས་རིགས་ལ་གཏམ་བཤད་སྤེལ་ཏེ། མིག་སྔར་དབུས་ཤར་ས་ཁུལ་དུ་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐེབས་ནས། རྒྱལ་ཁབ་རེ་འགའི་གནས་བབ་ཟང་ཟིང་དུ་གྱུར་ཡོད་ཟེར། ཁོའི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་ནི་ལེ་པཱ་ནུན་གྱི་མགོ་ཁྲིད་པ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་གྱིས་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་པའི་ཆེད་དུ་རེད།
མཱ་ལེ་ཅི་ཡིས་བཤད་རྒྱུར། དབྱི་རག་གི་དམག་དཔུང་དང་དམངས་ཁྲོད་དྲག་ཆས་སྟོབས་ཤུགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་ས་ཁོངས་ཀྱི་བརྒྱ་ཆའི་ལྔ་བཅུའི་ཡན་ཕྱིར་བླངས་པ་དང་། ད་ལྟ་བྱང་ཕྱོགས་ཀྱི་གྲོང་ཁྱེར་མའོ་སུའུ་ཨར་སོགས་ས་ཁུལ་ད་རུང་ཕྱིར་ལོན་མེད་པས། དབྱི་རག་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དུར་སར་འགྱུར་སྲིད་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། ཁོས་བལྟས་ན། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མཉམ་འབྲེལ་གྱི་འགུལ་སྐྱོད་སྤེལ་ཏེ། མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པར་འདོད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།