མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁཱ་མེ་ལུང་གིས་དབྱིན་ཇིའི་གནས་སྤོར་སྡོད་དམངས་ཀྱི་ཚོད་འཛིན་བྱེད་ཐབས་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-29 11:15

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མེ་ལུང་གིས་ཚེས་ཉེར་བརྒྱད་ཉིན་གནས་སྤོར་སྡོད་དམངས་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་ཁྱབ་སྒྲོག་བྱས། དེའི་ནང་དོན་གཙོ་བོ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྤོར་སྡོད་དམངས་ཀྱིས་དབྱིན་ཇི་ནས་ཕན་བདེ་ལོངས་སུ་སྤྱོད་པར་ཚོད་འཛིན་བྱེད་པ་དེ་ཡིན། ཉེ་བའི་ལོ་འགའི་རིང་། གནས་སྤོར་སྡོད་དམངས་ཀྱི་གནད་དོན་དེས་དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་བར་དཀའ་ཁག་ཆེན་པོ་བཟོས་པ་དང་། ཁཱ་མེ་ལུང་གིས་ཁྱབ་སྒྲོག་བྱས་པའི་བྱེད་ཐབས་གསར་བས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ཇེ་སྡུག་ཏུ་འགྲོ་ངེས་རེད།

 ཁཱ་མེ་ལུང་གིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ནས་ཡོང་བའི་གནས་སྤོར་སྡོད་དམངས་དབྱིན་ཇི་ནས་ལོ་བཞི་ལ་བསྡད་རྗེས་ད་གཟོད་ཕན་བདེ་ཁ་གསབ་དང་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་ཕན་བདེའི་སྡོད་ཁང་སོགས་ལོངས་སུ་སྤྱོད་དགོས་ཟེར། ཁོས་བསྟན་དོན། གལ་ཏེ་ཁོས་སང་ལོའི་ཟླ་ལྔ་བའི་འདེམ་བསྐོ་ཆེན་མོའི་ཁྲོད་ཡང་མུ་མཐུད་དུ་འགན་ཁུར་ཐུབ་པ་བྱུང་ན། ཁོས་ཧུར་ཐག་གིས་གནས་སྤོར་སྡོད་དམངས་ཀྱི་ལམ་ལུགས་བཅོས་བསྒྱུར་གྱི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། བཅོས་བསྒྱུར་བྱེད་ཐབས་དེ་དག་ནི་དབྱིན་ཇི་མ་འོངས་པར་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་མིན་གྱི་ཆ་རྐྱེན་ཡིན་ཟེར།

ཁཱ་མེ་ལུང་གིས་ཉེན་བརྡ་བཏང་སྟེ་བཤད་རྒྱུར། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇིའི་རེ་བ་སྣང་མེད་དུ་བསྐྱུར་ན། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་ཁ་མི་འབྲལ་བའི་ངེས་པ་མེད་ཟེར། དེ་ནི་ད་ལྟའི་བར་ཁཱ་མེ་ལུང་གིས་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་མིན་གྱི་གནད་དོན་ཐད་ནས་བསྟན་པའི་ཁ་ཚིག་ཆེས་དྲག་པོ་ཞིག་རེད། ཁཱ་མེ་ལུང་གིས་ཁྱབ་སྒྲོག་བྱས་པའི་སྡོད་དམངས་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་ལ་ད་རུང་གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྤོར་སྡོད་དམངས་ཀྱིས་དབྱིན་ཇི་ནས་ཟླ་ངོ་དྲུག་ལ་བྱ་བ་མ་རྙེད་ན། དབྱིན་ཇིས་མི་དེ་དག་མཐར་སྐྲོད་གཏོང་བའི་དབང་ཆ་ཡོད་པ་དང་། གནས་སྤོར་སྡོད་དམངས་ཀྱིས་ཁྱིམ་མི་དག་དབྱིན་ཇིར་ཁྲིད་ཡོང་བར་ཚོད་འཛིན་བྱེད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ནང་གསར་དུ་ཞུགས་པའི་དཔལ་འབྱོར་ཅུང་རྗེས་ལུས་ཡིན་པའི་རྒྱལ་ཁབ་ཀྱི་སྤྱི་དམངས་དག་དབྱིན་ཇིར་བྱ་བ་བྱེད་དུ་ཡོང་བར་བཀག་འགོག་བྱེད་ཀྱང་། རྒྱལ་ཁབ་དེ་དག་གི་དཔལ་འབྱོར་དང་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་འབྲེལ་འདྲིས་ཟབ་མོ་བྱུང་ཡོད་ན་ཅུང་དམིགས་བསལ་ལྡན། ཡོ་རོབ་གླིང་མནའ་འབྲེལ་གྱི་ནག་ཉེས་མྱུར་དུ་ཕྱིར་སྤྲོད་པ་སོགས་འདུས།

ཁཱ་མེ་ལུང་གིས་བསྟན་དོན། དབྱིན་ཇིའི་འབོད་སྒྲ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་མཐོང་ཆེན་བྱེད་དགོས་པ་དང་། དེ་དབྱིན་ཇིའི་མི་དམངས་ཀྱི་ཁེ་ཕན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མ་འོངས་པར་འབྲེལ་ཡོད་ཟེར། རྒྱུ་ཆ་གསར་བ་ལྟར་ན། ན་ནིང་ཟླ་དྲུག་པ་ནས་ད་ལོའི་ཟླ་དྲུག་པའི་བར། དབྱིན་ཇིའི་གནས་སྤོར་སྡོད་དམངས་རྐྱང་རྐྱང་གི་སྤྱི་གྲངས་འབུམ་གཉིས་དང་ཁྲི་དྲུག་ལ་བསླེབ་ཡོད་པ་དང་། ལོ་སྔོན་མ་ལས་མི་ཁྲི་བདུན་དང་སྟོང་བརྒྱད་ཀྱིས་ཇེ་མང་དུ་སོང་ཡོད། དབྱིན་ཇིའི་ནང་སྲིད་བློན་ཆེན་ཐི་ལོས་ཧྲ་མེ་ཡིས་བསྟན་དོན། སྐབས་འདིའི་དབྱིན་ཇིའི་སྲིད་གཞུང་གིས་གནས་སྤོར་སྡོད་དམངས་ཇེ་ཉུང་དུ་གཏོང་བའི་དམིགས་འབེན་ཡོངས་འགྲུབ་བྱེད་ཐབས་མེད་ཟེར།

 ཡོ་རོབ་གླིང་མནའ་འབྲེལ་གྱི་མི་སྣ་རང་དབང་གིས་འགྲོ་འདུག་བྱེད་པའི་སྒྲིག་སྲོལ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤྱི་དམངས་དག་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁྱབ་ཁོངས་སུ་རང་དབང་གིས་གནས་སྤོར་དང་བྱ་བ་བསྒྲུབ་པའི་དབང་ཆ་ཡོད། དབྱིན་ཇི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་གནས་སྤོར་སྡོད་དམངས་ལ་ཚད་ཅིག་གཏན་འཁེལ་བྱེད་དགོས་པའི་རེ་བ་བཏོན་ཡང་། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་པཱ་ལོ་ཙོ་སོགས་ཀྱིས་དབྱིན་ཇི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་སྡོད་དམངས་རང་དབང་གིས་འགྲོ་འདུག་བྱེད་པའི་རྩ་དོན་བསྒྱུར་རྩིས་བྱེད་མི་རུང་བའི་ཉེན་བརྡ་བཏང་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག