ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧ་མེང་ཏེས་གསལ་བསྒྲགས་སྤེལ་ཏེ། ཉིན་དེ་གར་ཨ་ཧྥུ་ག་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་ཨ་ཧྥུ་ག་ནི་སི་ཐན་ལ་བཅའ་སྡོད་དབྱིན་ཇིའི་གཞུང་ཚབ་ཆེན་མོ་ཁང་གི་རླངས་འཁོར་ལ་དམིགས་པའི་འབར་གས་འཇབ་རྒོལ་དོན་རྐྱེན་ཐོན་པར་ཁ་རྡུང་བཏང་བ་མ་ཟད་འཇབ་རྒོལ་བྱ་སྤྱོད་དེས་གཞུང་ཚབ་ཆེན་མོ་ཁང་གི་ལས་དོན་སྒྲུབ་མཁན་གྱི་མི་སྣ་མང་པོ་ཞིག་ཤི་རྨས་བཟོས་པ་ཁས་ལེན་བྱས་པ་དང་། ཁོང་གིས། རྐྱེན་ལམ་དུ་ཤོར་མཁན་ཁྲོད་སྐྱེ་ཁུངས་དབྱིན་ཇི་ནས་ཡིན་པའི་བདེ་སྲུང་མི་སྣ་གཅིག་དང་གཞུང་ཚབ་ཆེན་མོ་ཁང་དུ་ལས་དོན་སྒྲུབ་མཁན་ཨ་ཧྥུ་ག་ནི་སི་ཐན་བ་ཞིག་ཚུད་ཡོད་པ་དང་། སྐྱེ་ཁུངས་དབྱིན་ཇི་ནས་ཡིན་པའི་བདེ་སྲུང་མི་སྣ་གཞན་ཞིག་འཇབ་རྒོལ་ཁྲོད་རྨས་སྐྱོན་ཕོག་ཡོད་ཅེས་བསྟན་ཡོད་པ་རེད།
ཚེས27ཉིན་གྱི་སྔ་དྲོ། འཇབ་རྒོལ་པ་ཞིག་གིས་བར་མདེལ་བླུགས་པའི་རླངས་འཁོར་ཞིག་དབྱིན་ཇིའི་ཕྱི་འབྲེལ་མི་སྣའི་རླངས་འཁོར་ཕྱོགས་སུ་བཏང་ནས། ཉུང་མཐར་ཡང་མི5རྐྱེན་ལམ་དུ་ཤོར་བ་དང་མི30ལྷག་ལ་སྨས་སྐྱོན་བཟོས་ཡོད་པ་རེད། ཉིན་དེ་གར་ཨ་ཧྥུ་ག་ནི་སི་ཐན་ཐ་ལི་པན་གྱིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།