མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-28 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ཚེས་ཉེར་བདུན་ཉིན་ཝེ་ཡེ་ནཱ་རུ་ཡོད་པའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་བསྡུས། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་འདས་པའི་ཟླ་ངོ་འགའི་རིང་ཇེ་དམའ་ནས་ཇེ་དམའ་རུ་སོང་བའི་རྡོ་སྣུམ་རིན་གོང་གི་འཕེལ་སྟངས་དང་ཉིས་སྟོང་བཅོ་ལྔ་ལོའི་རྡོ་སྣུམ་ཚོང་རའི་མདུན་ལྗོངས་ལ་གྲོས་བསྡུར་བྱེད་རྒྱུ་དེ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ཟླ་དྲུག་པའི་ཚུན་ལ། རྒྱལ་སྤྱིའི་ཚོང་རའི་མ་བཅོས་རྡོ་སྣུམ་གྱི་རིན་གོང་བརྒྱ་ཆའི་སུམ་ཅུ་ཇེ་དམའ་སོང་། རྡོ་སྣུམ་གྱི་རིན་གོང་བསྟུད་མར་ཇེ་དམའ་རུ་འགྲོ་བའི་གནས་ཚུལ་འོག ཐེངས་འདིའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནས་ཐོན་ཚད་ལ་ཚོད་འཛིན་བྱས་ཏེ་རིན་གོང་སྲུང་འཛིན་བྱེད་མིན་གྱི་ཆོད་དོན་འདོན་པར་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད།

རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་དེ་ལོ་ཕྱེད་ནང་ཐེངས་རེ་སྤེལ་བཞིན་ཡོད། ཉིས་སྟོང་བཅུ་གཅིག་ལོར་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱིས་རྡོ་སྣུམ་གྱི་ཉིན་རེའི་ཐོན་ཚད་དེ་ཟོ་བྱེ་བ་གསུམ་གྱི་ཆུ་ཚད་དུ་སྲུང་འཛིན་བྱེད་རྒྱུ་ཐག་བཅད་པ་དང་། ཐོན་སྐྱེད་ཀྱི་ཚོད་འཛིན་དེ་ད་ལྟའི་བར་རྒྱུན་འཁྱོངས་བྱས་པ་རེད། ཡིན་ཡང་འབྲེལ་ཡོད་རྒྱུ་ཆ་ལྟར་ན། རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་རྩ་འཛུགས་ཀྱི་ཟླ་བཅུ་བའི་ཐོན་ཚད་དེ་ཉིན་རེར་ཟོ་བྱེ་བ་གསུམ་དང་འབུམ་དགུ་ཁྲི་བདུན་ཡིན་པ་དང་། བསྟུད་མར་ཟླ་ངོ་ལྔའི་ནང་ཐོན་ཚད་ཀྱི་དམིགས་འབེན་ལས་བརྒལ་ཡོད་པ་རེད།

དབྱེ་ཞིབ་མི་སྣས་བལྟས་ན། ཨ་མེ་རི་ཁའི་རྡོ་སྣུམ་གྱི་ཐོན་ཚད་མགྱོགས་མྱུར་ངང་ཇེ་མང་དུ་སོང་བ་དང་། ཞོར་དུ་རྡོ་སྣུམ་གྱི་དགོས་མཁོ་ཅུང་ཇེ་དམའ་རུ་སོང་བ་ནི་རྡོ་སྣུམ་གྱི་རིན་གོང་བསྟུད་མར་ཇེ་དམའ་རུ་སོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། འཛམ་གླིང་ཡོངས་ཀྱི་རྡོ་སྣུམ་འཛད་སྤྱོད་རྒྱལ་ཁབ་ཆེན་མོ་གསུམ་པར་གྱུར་བའི་འཇར་པན་ལ་དུས་ཚིགས་གསུམ་པར་དཔལ་འབྱོར་ཉམས་རྒུད་དུ་སོང་བས་མ་བཅོས་རྡོ་སྣུམ་གྱི་དགོས་མཁོར་ཤུགས་རྐྱེན་ཐེབས་པ་རེད། དེ་ལས་གཞན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་མཇུག་འབྲས་ཐག་གཅོད་མ་བྱས་ལས་ཀྱང་རྡོ་སྣུམ་ཚོང་རར་ཤུགས་རྐྱེན་ཐེབས་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག