མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་་གི་ཆེད་མཁས་པས་ཨོ་པཱ་མཱ་ཡིས་གསང་འཕྲིན་ཅུའི་ཉེས་དོན་གནས་ཚུལ་སྙན་ཞུ་ཁྱབ་སྒྲོག་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པ་བདུན་གྱིས་ཚེས་ཉེར་དྲུག་ཉིན་སྤེལ་བའི་འཕྲིན་ཡིག་ནང་དུ་དོན་དངོས་ལ་བརྩི་འཇོག་བྱེད་ཅིང་ཁྲིམས་སྐྱོང་ལ་ཡར་སྐུལ་བྱེད་པའི་རྒྱལ་ཁབ་ཅིག་དང་། དུས་རྒྱུན་རྒྱལ་ཁབ་གཞན་པར་འདྲི་གཅོད་བྱས་ཤིང་གནས་ཚུལ་གསལ་སྒྲོག་བྱེད་དགོས་པའི་འབོད་སྐུལ་གཏོང་བའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། ཨ་མེ་རི་ཁ་ངེས་པར་དུ་རང་ཉིད་དང་གཞན་པར་གཏན་འཁེལ་བྱས་པའི་ཚད་གཞིར་བསླེབ་དགོས་ཞེས་བཤད་པར་མ་ཟད། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་གང་མགྱོགས་ཀྱིས་གྲོས་ཞུགས་ཁང་གིས་གསང་འཕྲིན་ཅུའི་ཉེས་དོན་གནས་ཚུལ་ཡོངས་བསྒྲགས་བྱེད་པའི་སྐོར་གྱི་སྙན་ཞུ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

འཕྲིན་ཡིག་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པས་བསྟན་དོན། སྙན་ཞུ་དེ་ཡོངས་བསྒྲགས་བྱས་ཤིང་། ཉེས་དོན་གནས་ཚུལ་གྱི་གནོད་ཐེབས་མཁན་དང་མང་ཚོགས་ཀྱིས་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་དགོས། ཁྱེད་ཀྱི་ཆོད་དོན་གྱིས་འཛམ་གླིང་གི་འགྲོ་མིའི་ཐོབ་ཐང་འཕྲོག་པའི་མི་དང་ཨ་མེ་རི་ཁའི་ཡིད་ཆེས་ནུས་པར་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་རེད་ཟེར།

ཉིས་སྟོང་དགུ་ལོ་ནས་བཟུང་། ཨ་མེ་རི་ཁའི་གྲོས་ཞུགས་ཁང་གིས་ལོ་བཞི་ལ་རྟོག་ཞིབ་བྱས་ཏེ་བདེན་དཔང་བཙལ་བ་དང་། གསང་འཕྲིན་ཅུའུ་ཡི་ཡིག་ཆ་དང་གློག་རྡུལ་ཡིག་ཆ་མང་བོ་ལྟ་ཀློག་བྱས་ནས། གསང་འཕྲིན་ཅུའི་ཉེས་དོན་གནས་ཚུལ་གྱི་སྙན་ཞུ་གྲུབ་ཡོད་ལ། གྲོས་ཞུགས་ཁང་གསང་འཕྲིན་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་གཉིས་ལོའི་ལོ་སྨད་དུ་སྙན་ཞུ་དེར་གྲོས་མཐུན་བཀོད་དེ། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར་ཁྱབ་སྒྲོག་བྱེད་རྒྱུ་ཐག་བཅད།

ཡིན་ཡང་སྙན་ཞུ་དེ་ད་ལྟའི་བར་དུ་ཁྱབ་སྒྲོག་བྱེད་མ་ཐུབ། བཤད་ཚུལ་ལྟར་ན་གསང་འཕྲིན་ཅུའུ་ཡིས་སྙན་ཞུའི་ཁྲོད་ཀྱི་ནང་དོན་ཁག་ཅིག་འདོར་དགོས་པའི་རེ་བ་བཏོན་པས་རེད་ཟེར། གྲོས་ཞུགས་ཁང་གསང་འཕྲིན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་འགས་བཤད་རྒྱུར། གསང་འཕྲིན་ཅུའུ་ཡིས་འདོར་བའི་རེ་བ་བཏོན་ན་མང་ཚོགས་ཀྱིས་རང་གི་ཁེ་དབང་ལ་གནོད་པ་ཐེབས་པའི་བྱ་སྤྱོད་ཀྱི་ཐབས་དང་ཚད་ལ་རྒྱུས་ལོན་གསལ་བོ་བྱེད་པར་བཀག་རྒྱ་ཐེབས་ངེས་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པས་ཨོ་པཱ་མཱ་ཡིས་དོན་སྙིང་ལྡན་པའི་ཐབས་ལ་བརྟེན་ནས་སྙན་ཞུ་དེ་ཡོངས་བསྒྲགས་བྱས་ཏེ། མང་ཚོགས་ལ་དོན་དངོས་རྒྱུས་ལོན་བྱེད་དུ་བཅུག་ནས་གནོད་ཐེབས་མཁན་དང་དེའི་ཁྱིམ་ཚང་གིས་དོན་དངོས་ཤེས་པའི་ཁེ་དབང་ལ་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག