མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་ཆེས་མཐོའི་དམག་དོན་དཔོན་པོས་ཝུའུ་ཁི་ལན་གྱི་དམག་དཔུང་ལ་རོགས་སྐྱོར་བྱེད་པའི་འཆར་གཞི་གཏན་འབེབས་བྱས་ཡོད་པར་བཤད།

བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-27 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་བཞིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཆེས་མཐོའི་དམག་དོན་དཔོན་པོ་ཡོ་རོབ་གླིང་མནའ་འབྲེལ་དམག་དཔུང་གི་ཆེས་མཐོའི་དམག་སྤྱི་དང་ཨ་མེ་རི་ཁའི་དམག་དཔུང་གི་ཡོ་རོབ་གླིང་དམག་སྤྱི་ཁང་གི་དམག་སྤྱི་པུའུ་ལི་ཏི་ལོ་ཧྥུའུ་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་དོན་དངོས་དང་འཚམ་པའི་འཆར་གཞི་ཞིབ་མོ་ཞིག་གཏན་འབེབས་བྱས་ཏེ། ཝུའུ་ཁི་ལན་དྲག་ཆས་སྟོབས་ཤུགས་ཀྱི་དགོས་མཁོར་འགན་སྲུང་བྱས་ཡོད་ཟེར།

པུའུ་ལི་ཏི་ལོ་ཧྥུའུ་ཡིས་ཉིན་དེར་ཅི་ཧྥུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁས་ཝུའུ་ཁི་ལན་དྲག་ཆས་སྟོབས་ཤུགས་ཀྱི་དགོས་མཁོར་དཔྱད་འཇོག་བྱས་ཏེ། རོགས་སྐྱོར་བྱེད་པའི་ཐབས་ལམ་སྣ་ཚོགས་ཡོངས་བསྒྲགས་བྱས། ཝུའུ་ཁི་ལན་འགྲན་རྩོད་དྲག་པོར་འཕྲད་ཡོད་པ་དང་། ཨ་མེ་རི་ཁས་རྙོག་འཛིང་གི་དུས་སྐབས་སུ་ཅི་ཧྥུའུ་ལ་རྒྱབ་སྐྱོར་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།

པུའུ་ལི་ཏི་ལོ་ཧྥུའུ་ཡིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཁི་ལན་ལ་རོགས་རམ་བྱེད་པར་བརྩོན་བཞིན་ཡོད་པ་དང་། ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་བྱེད་འདོད་ཡོད། ཨ་མེ་རི་ཁས་ཝུའུ་ཁི་ལན་གྱི་མགོ་ཁྲིད་པར་མཉམ་ལས་ཟབ་མོ་བྱེད་རྒྱུ་རེད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཉིན་དེར་པུའུ་ལི་ཏི་ལོ་ཧྥུའུ་ལ་ཐུག་འཕྲད་བྱས། པའོ་ལོ་ཧྲིན་ཁི་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། པུའུ་ལི་ཏི་ལོ་ཧྥུའུ་ཡི་འཚམས་འདྲིར་མཚོན་བྱེད་རང་བཞིན་ལྡན་པ་དང་། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་རྙོག་འཛིང་གི་དུས་སྐབས་འདིར་ཝུའུ་ཁི་ལན་དང་མཉམ་འབྲེལ་བྱེད་དགོས་པ་གསལ་བོར་བསྟན་ཡོད།

པའོ་ལོ་ཧྲིན་ཁི་ཡིས་ཚེས་ཉེར་བཞིའི་ཉིན་བསྟན་དོན། དམངས་ཡོངས་ཀྱི་བརྡས་གཅོད་ལ་བརྟེན་ནས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་མིན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། ཝུའུ་ཁི་ལན་གསར་འགྱུར་ལས་རིགས་ཀྱིས་ཉེ་སྔོན་ཁྱབ་སྒྲོག་བྱས་པའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་མཇུག་འབྲས་ལྟར་ན། གལ་ཏེ་ད་ལྟ་དམངས་ཡོངས་ཀྱི་བརྡས་གཅོད་བྱ་འགུལ་སྤེལ་ན། བརྒྱ་ཆའི་ང་གཅིག་གི་ཝུའུ་ཁི་ལན་མང་ཚོགས་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་འཐད་པ་རེད་ཟེར།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག