མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧཱ་མེ་ནེ་དབྱེ་ཡིས་དབྱི་ལིང་གིས་ནུབ་ཕྱོགས་རྒྱལ་ཁབ་ལ་མགོ་སྒུར་མི་སྲིད་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-26 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་བཅུ་གཉིས་འགོར་བའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་དེར་ཚེས་ཉེར་བཞིའི་ཉིན་གྱི་ཆེས་མཇུག་མཐའི་དུས་བཅད་ནང་གྲོས་འཆམ་མ་བྱུང་བ་དང་། ཕྱོགས་གཉིས་ཀྱིས་ཟླ་བདུན་གྱིས་ཇེ་རིང་དུ་བཏང་ནས། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ཡུན་ཚད་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར་ཇེ་རིང་དུ་གཏོང་རྒྱུར་འཐད་པ་བྱུང་། ཚེས་ཉེར་ལྔ་ཉིན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་ཡིས་ཉིང་རྡུལ་ནུས་པའི་གྲོས་མོལ་ཐད་ནས་ལན་བྱིན། ཁོས་བཤད་རྒྱུར། དབྱི་ལིང་རྒྱལ་ཁབ་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ནུབ་ཕྱོགས་རྒྱལ་ཁབ་ལ་མགོ་སྒུར་མི་སྲིད་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ལ་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ང་རྒྱལ་ཆེན་པོ་ཡོད་ཅིང་དབྱི་ལིང་གིས་མགོ་སྒུར་བར་བཙན་སྐུལ་བྱེད་བཞིན་ཡོད་ཀྱང་། ཁོ་ཚོར་རྒྱལ་ཁ་ཐོབ་མེད་ལ། མ་འོངས་པར་ཡང་རྒྱལ་ཁ་ཐོབ་མི་སྲིད་ཟེར།

ཚེས་ཉེར་བཞིའི་ཉིན། གྲོས་མོལ་བྱེད་སའི་ཝེ་ཡེ་ནཱ་སྐར་ལྔ་རིམ་པའི་མགྲོན་ཁང་ཁི་པའོ་ཕོ་བྲང་དེ་འཛམ་གླིང་ཡོངས་ཀྱིས་རེ་བལྟོས་བྱེད་སའི་གནས་ཤིག་ཏུ་གྱུར་ཡོད། རྒྱལ་སྤྱིའི་གསར་འགོད་པ་ལྔ་བརྒྱས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་རྒྱལ་ཁབ་དྲུག་དང་དབྱི་ལིང་གིས་མཇུག་མཐའི་གྲོས་མཐུན་བཀོད་པའི་འཕྲིན་བཟང་བསྒྲགས་པར་སྒུག་ཡོད་ཀྱང་། སྣང་ཚུལ་དེ་འདྲ་ཞིག་འབྱུང་བའི་སྐལ་བ་མ་བྱུང་།

ཚེས་ཉེར་ལྔ་ཉིན། གྲོས་མོལ་གྱི་ཡུན་ཚད་ཇེ་རིང་དུ་བཏང་བར་དམིགས་ནས། དབྱི་ལིང་རྒྱལ་ནང་དུ་ཉིང་རྡུལ་ནུས་པའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་པ་དང་གྲོས་མཐུན་འགོད་པར་ངོ་རྒོལ་བྱེད་པའི་ལྟ་ཚུལ་གཉིས་བྱུང་ཡོད། ཙུང་ཐུང་ལུའུ་ཧཱ་ནེ་ཡིས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་ཁྲོད་བསྟན་དོན། ཉིང་རྡུལ་ནུས་པའི་གྲོས་མོལ་ལ་སྔར་མེད་ཀྱི་གྲུབ་འབྲས་ཐོབ་པ་དང་། མ་འོངས་པའི་ཟླ་ངོ་འགའི་ནང་གྲོས་མཐུན་འགོད་པའི་རེ་བ་ཡོད་ཟེར། ཡིན་ཡང་བཅོས་བསྒྱུར་ཕྱོགས་ཁག་གི་ལྟ་ཚུལ་དང་མི་འདྲ་བ་ཞིག་ནི། དབྱི་ལིང་རྒྱལ་ནང་གི་སྲ་མཁྲེགས་ཕྱོགས་ཁག་གིས་བལྟས་ན། ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་ཡུན་ཚད་ཇེ་རིང་དུ་བཏང་བ་ནི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་ཕམ་ཁའི་དོན་དངོས་སྦ་གསང་བྱེད་པའི་ཆེད་དུ་རེད་ཟེར།

དབྱི་ལིང་གི་མང་བོས་གྲུབ་འབྲས་བཟང་བོ་ཞིག་ལ་རེ་སྒུག་བྱས་ཡོད་པ་དང་། གྲོས་མོལ་གྱི་ཡུན་ཚད་ཇེ་རིང་དུ་གཏོང་བའི་དོན་དེ་བློ་ཡུལ་ལས་འདས་པ་ཞིག་མིན་ཡང་དབྱི་ལིང་གི་མི་མི་ཉུང་བ་ཞིག་ལ་འཕང་སེམས་ཆེན་པོ་སྐྱེས་བཞིན་ཡོད། དབྱི་ལིང་གི་བཅོས་བསྒྱུར་ཕྱོགས་ཁག་གིས་མང་ཚོགས་ཀྱིས་རེ་སྒུག་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ཉིང་རྡུལ་ནུས་པའི་གྲོས་མོལ་ནི་དུས་ཡུན་རིང་བོའི་དཀའ་སྡུག་གི་བརྒྱུད་རིམ་ཞིག་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག