ཟླ་བཅུ་གཅིག་པའི་ཚེས་ཉེར་བཞིའི་ཉིན། ཨ་མེ་རི་ཁའི་མུས་སུའུ་ལི་ཀྲིག་ཧྲིན་ལུའུ་དབྱེ་སི་གྲོང་ཁྱེར་ནས། རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་གྱོད་དོན་ལ་འབྲེལ་བའི་ཉེན་རྟོག་པར་ཞུ་གཏུག་མི་བྱེད་པའི་གནས་ཚུལ་བསྒྲགས་པར་མི་དགའ་བའི་ཚུལ་བསྟན།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་མུས་སུའུ་ལི་ཀྲིག་གི་གྲོས་ཞིབ་ཚོགས་པས་ཚེས་ཉེར་བཞིའི་ཉིན་ཆོད་དོན་བཏོན་ནས། ཧྥོ་ཀི་སིན་ནས་ཨ་ཧྥེ་རི་ཁ་གླིང་གི་ན་གཞོན་པུའུ་ལིང་དམར་གསོད་བཏང་བའི་མི་དཀར་ཉེན་རྟོག་པ་ཝེ་ཨར་ཞོན་ལ་ཞུ་གཏུག་མི་བྱེད་པ་ཐག་བཅད། ཧྥོ་ཀི་སིན་ནས་ཡང་བསྐྱར་ངོ་རྒོལ་རྔམ་སྟོན་བྱ་འགུལ་སྤེལ་བའི་རྗེས་སུ་དྲག་ཤུགས་འཁྲུག་རྩོད་བྱུང་བ་རེད། ཧྲི་ལུའུ་དབྱེ་སིའི་ཉེན་རྟོག་ཅུའུ་ཀྲང་པེ་ཨར་མཱ་ཨར་གྱིས་ཚོད་དཔག་བྱས་པ་ལྟར་ན། ཉིན་དེའི་དགོང་མོར་དྲག་ཤུགས་འཁྲུག་རྩོད་ཀྱི་འཇིགས་སྣང་དེ་ཟླ་བརྒྱད་པའི་ཧྥོ་ཀི་སིན་ཟིང་འཁྲུག་གི་ཆེས་ཚབས་ཆེ་བའི་དགོང་མོ་དེ་ལས་ཀྱང་ཚབས་ཆེ་བ་འདྲ་ཟེར། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཀྲང་ཧའོ་ཨར་ཏི་ཡིས་ཚེས་ཉེར་བཞིའི་དགོངས་མོར་ཁྱབ་སྒྲོག་བྱས་དོན། ཁྲིམས་འཛིན་པུའུ་ཡིས་མུ་མཐུད་དུ་ཀུན་གྱིས་མཐོང་ཆེན་བྱེད་ཅིང་རྩོད་གཞིར་གྱུར་བའི་ཧྥོ་ཀི་སིན་གྱི་དམར་གསོད་དོན་རྐྱེན་ཐད་ནས་ཧྥོ་ཀི་སིན་ཉེན་རྟོག་ཕྱོགས་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར།
ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་བྲེལ་མྱུར་གྱི་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མང་ཚོགས་ཁག་ཅིག་ཡིད་འཕང་བ་དང་ཁོང་ཁྲོ་ལངས་པའི་སེམས་ཁམས་རྟོགས་ཐུབ་ཀྱང་། མང་ཚོགས་ཀྱིས་གྲོས་ཞིབ་ཚོགས་པའི་ཆོད་དོན་ལ་བརྩི་འཇོག་བྱས་ཤིང་དྲག་ཤུགས་ཀྱི་བྱེད་ཐབས་མི་སྤེལ་བའི་འབོད་སྐུལ་བཏང་།
ཨོ་པཱ་མཱ་ཡིས་མང་ཚོགས་ཀྱིས་ཨ་མེ་རི་ཁས་རིགས་རྒྱུ་འབྲེལ་བ་ལེགས་བཅོས་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་སྣང་མེད་དུ་སྐྱུར་མི་རུང་བ་དང་། ཕྱིན་ཆད་ཧུར་ཐག་སྒོས་ཉེན་རྟོག་པ་དང་སྡོད་ཁུལ་གྱི་འབྲེལ་བ་ལེགས་བཅོས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨོ་པཱ་མཱ་ཡིས་ཧྥོ་ཀི་སིན་དང་ས་ཁུལ་དེའི་ཁྲིམས་འཛིན་སྡེ་ཁག་གི་མི་སྣས་འབྱུང་སྲིད་པའི་ཞི་བདེའི་རྔམ་སྟོན་ཁྲོམ་སྐོར་ལ་སེམས་ཁུར་དང་ཚོད་འཛིན་བྱེད་དགོས་པའི་སྐུལ་མ་བཏང་། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།