ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་ཉེར་གཉིས་ཉིན་ཝེ་ཡེ་ནཱ་ནས་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་མིན་དེ་མིག་སྔར་ད་རུང་གཏན་ནས་ཤེས་ཐབས་མེད་ལ། དེ་ཕྱིན་ཆད་ཀྱི་ཉིན་འགའི་གྲོས་མོལ་ལ་རག་ལས་ཡོད་ཟེར།
ཧྲི་ཐེ་ཡུན་མེད་ཨར་གྲོས་མོལ་ཡུལ་དངོས་སུ་འབྱོར་སྐབས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ང་ཚོས་ངེས་པ་རད་དུ་ཉིན་འགའི་གྲོས་མོལ་ལ་འཕེལ་རྒྱས་ཅི་འདྲ་འབྱུང་བར་སྒུག་དགོས་ཟེར། ཁོས་བཤད་རྒྱུར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་དེ་ཐག་གཅོད་རང་བཞིན་གྱི་དུས་ལ་བསླེབ་ཚོད་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་དེ་ཐག་གཅོད་ལ་ཉེ་བའི་སྣང་ཚུལ་དེ་འདྲ་གཏན་ནས་མཐོང་མྱོང་མེད་ཟེར། ཁོས་བལྟས་ན་གྲོས་མོལ་གྱི་སྣང་ཚུལ་ཧ་ཅང་བཟང་བ་དང་། གནད་དོན་མང་བོའི་ཐད་སྔར་བཞིན་འགལ་བ་ཡོད་ཀྱང་དེར་རེ་ཐག་ཆད་མི་རུང་ཟེར།
ཧྲི་ཐེ་ཡུན་མེད་ཨར་གྱིས་བཤད་རྒྱུར། དབྱི་ལིང་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་ལ་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་པར་ཆོག་མཆན་འགོད་མི་སྲིད་པར་ངེས་ཤེས་ཟབ་མོ་སྐྱེས་དགོས་པ་དང་། དེ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་དམིགས་ཡུལ་ཡིན་ལ། གྲོས་མོལ་གྱི་མཇུག་འབྲས་ལ་བརྡར་གཅོད་བྱེད་པའི་ཁུངས་སྣེ་ཡིན་ཟེར།
ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། ཧྲི་ཐེ་ཡུན་མེད་ཨར་གྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་གྲོས་མོལ་བྱས་པ་དང་། ཁི་ལེ་ཡིས་ཁོར་གྲོས་མོལ་གྱི་འཕེལ་རིམ་གནས་ཚུལ་སྙན་ཞུ་བྱས་ཟེར།
དེ་ལས་གཞན་ཁི་ལེ་ཡིས་ཉིན་དེར་སོ་སོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་། ཁི་ཝེ་ཐི། ཁཱ་ཐར། པཱ་ལིན། ཐུར་ཁེ། ཁཱ་ནཱ་ཏཱ་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་ལ་ཁ་པར་བཏང་སྟེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་གྲོས་བསྡུར་བྱས། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།