ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཚེས་ཉེར་གཉིས་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་། སི་རི་ཡཱའི་ཉམས་ཉེན་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས།
པེད་ཏིན་གྱིས་ཨེ་ཨར་ཏའོ་ཨན་དང་མཉམ་དུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་པར་ཇི་ལྟར་ཆམ་ཕབ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་རྒྱབ་སྐྱོར་ལ་ཤུགས་སྣོན་པ་དང་། ཨ་སཱ་ཏིའི་སྲིད་དབང་གི་བར་བརྒལ་གནད་དོན་བཅས་ལ་གྲོས་བསྡུར་བྱས་པ་ཡིན་ལ། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་ཇི་ལྟར་གསོ་སྦྱོར་དང་སྒྲིག་ཆས་མཁོ་འདོན་བྱེད་པའི་གནད་དོན་ལའང་གྲོས་བསྡུར་བྱས་ཟེར།
པེད་ཏིན་གྱིས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་ཐུར་ཁེའི་རྒྱབ་སྐྱོར་མཁོ་བ་དང་། ང་ཚོས་ཕྱི་རྒྱལ་གྱི་དམག་ཞུགས་མི་སྣ་དབྱི་རག་དང་སི་རི་ཡཱའི་མངའ་ཁོངས་སུ་འགྲོ་བར་བཀག་འགོག་བྱེད་བཞིན་ཡོད་པར་མ་ཟད། ཁོ་ཚོའི་མ་དངུལ་གྱི་ཡོང་ཁུངས་གཅོད་ཅི་ཐུབ་བྱེད་ཀྱིན་ཡོད། ང་ཚོས་ཐུར་ཁེ་རྒྱལ་ཁབ་ཀྱིས་དེའི་ཐད་ནུས་པ་གལ་ཆེན་བཏོན་པར་བཀའ་དྲིན་ཞུ་བཞིན་ཡོད་ཟེར།
ཨེ་ཨར་ཏའོ་ཨན་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐུར་ཁེ་རྒྱལ་ཁབ་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་མུ་མཐུད་དུ་ཨ་མེ་རི་ཁའི་བར་མཉམ་ལས་ཟབ་མོ་བྱས་ཏེ། ས་ཁུལ་རང་གི་ཞི་བདེ་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ཕྱོགས་གཉིས་ཀྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་སི་རི་ཡཱ་ནས་གནམ་གྲུ་འཕུར་མི་ཆོག་པའི་ས་ཁུལ་འཛུགས་པའི་གནད་དོན་དང་ཨ་མེ་རི་ཁས་ཐུར་ཁེའི་ཡུན་ཅི་ཨར་ལེ་ཁི་མཁའ་དམག་རྟེན་གཞི་བེད་སྤྱད་དེ་དབྱི་སི་ལན་རྒྱལ་ཁབ་ཀྱི་ཐ་ལ་སྤྱོད་དྲག་ཆས་པར་ཆམ་ཕབ་གཏོང་བའི་གནད་དོན་ལ་གླེང་མེད།
པེད་ཏིན་ཚེས་ཉེར་གཉིས་ཉིན་དབྱི་སི་ཐན་པོར་ནས་ད་རུང་ཞི་བདེ་རྒྱ་མཚོ་ཆེན་མོའི་ནུས་ཁུངས་དང་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པར་མ་ཟད། ཚོགས་ཐོག་ནས་ཞུ་ཚིག་ཕུལ་ཏེ་ཡོ་རོབ་གླིང་གི་རྒྱལ་ཁབ་དག་གིས་ནུས་ཁུངས་སྣ་མང་ཅན་ལག་བསྟར་བྱས་ཏེ་ཨུ་རུ་སིའི་ནུས་ཁུངས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན། །
རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།