མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་སྲིད་གཞུང་གིས་གཞི་རྒྱ་ཆེ་བའི་བཙན་གཡེམ་དོན་རྐྱེན་ལ་རྟོག་ཞིབ་བྱེད་དགོས་པའི་སྐུལ་མ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུའི་ཉིན་གསར་འགྱུར་ལས་རིགས་ཀྱི་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་སྲིད་གཞུང་གིས་སུའུ་ཏན་བྱང་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ཀྲིག་ནས་ཉེ་སྔོན་བྱུང་བའི་གཞི་རྒྱ་ཆེ་བའི་བཙན་གཡེམ་དོན་རྐྱེན་ལ་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་སྐུལ་མ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་བཀག་རྒྱ་མེད་པར་དོན་རྐྱེན་དེ་རྟོག་ཞིབ་བྱེད་པར་ཆོག་མཆན་འགོད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་སྲིད་གཞུང་གིས་དོན་རྐྱེན་དེར་རྟོག་ཞིབ་གསལ་བོ་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། སུའུ་ཏན་གྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་བར་བཀོད་པའི་གྲོས་ཆོད་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་སྟེ། མྱུར་དུ་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་མཉམ་འབྲེལ་ཆེད་མངག་ཚོགས་པས་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་བཀག་རྒྱ་མེད་པར་རྟོག་ཞིབ་བྱས་ཏེ། གཞི་རྒྱ་ཆེ་བའི་བཙན་གཡེམ་དོན་རྐྱེན་བྱུང་ཡོད་མིན་ཐག་གཅོད་བྱེད་པར་ཆོག་མཆན་འགོད་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་སྐྱོན་འཛུགས་དེ་བདེན་དཔང་བྱས་ན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སུའུ་ཏན་སྲིད་གཞུང་གིས་དོན་རྐྱེན་དེའི་འགན་འཁྲི་རྩད་གཅོད་བྱེད་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་རེད།

གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སུའུ་ཏན་སྲིད་གཞུང་དམག་གིས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་དང་སོ་གཅིག་ཉིན་བར་བྱང་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ཀྲིག་ཏུ་བུད་མེད་ཉིས་བརྒྱ་ཙམ་ལ་བཙན་གཡེམ་བྱས་ཟེར་ཡང་། སུའུ་ཏན་སྲིད་གཞུང་གིས་དོན་རྐྱེན་དེ་ཁས་ལེན་མ་བྱས། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཏཱ་ཨར་ཧྥུའུ་ཨར་ས་ཁུལ་དུ་སྡོད་པའི་མཉམ་འབྲེལ་ཆེད་མངག་ཚོགས་པ་ཐེངས་གཉིས་ལ་དོན་རྐྱེན་བྱུང་སའི་བྱང་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་ཀྲིག་གི་ས་པུས་ཐི་རུ་སོང་ནས་རྟོག་ཞིབ་བྱེད་རྩིས་བྱས་ཀྱང་བཀག་འགོག་ཐེབས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག