མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱེད་རྒྱུའི་བྱེད་ཐབས་བཏོན་པ་ཝུའུ་ཁི་ལན་གྱི་ཙུང་ལི་ཡིས་ཁས་ལེན་མ་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-20 10:24

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་མགོ་ཁྲིད་པས་ངེས་པར་དུ་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པར་ཐད་ཀར་གྲོས་མོལ་བྱས་ཏེ་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་ཟེར། ཁོས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱིས་ཨུ་རུ་སི་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཀྱི་གྱོད་ཡར་བརྩི་མི་རུང་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་གྲོས་ཁང་ཞོལ་མ་ནས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཉམས་ཉེན་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་ཡིན་པའི་ཆ་ནས་ང་ཚོས་ཅི་ཧྥུའུ་ཕྱོགས་ཀྱིས་ཏོན་པཱ་སི་ས་ཁུལ་གྱི་འཐུས་མིའི་བར་འབྲེལ་འདྲིས་བྱས་ཏེ་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་བ་ཡིན་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བལྟས་ན། ཝུའུ་ཁི་ལན་སྲིད་གཞུང་གིས་ཤར་ཕྱོགས་དམག་ཁྲོད་དྲག་ཆས་པ་དེ་ཞི་བའི་འཕེལ་རིམ་གྱི་ཕྱིར་འདེད་རྩིས་བྱས་ཏེ། ཕྱི་ཕྱོགས་ཀྱི་ཤུགས་ལ་བརྟེན་ནས་ཨུ་རུ་སི་རྒྱལ་ཁབ་དེ་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཀྱི་གྱོད་ཡར་བྱེད་པར་བརྩོན་བཞིན་ཡོད། བྱེད་ཐབས་དེར་དཀྲུག་འཕེན་ནང་དོན་མངོན་གསལ་ལྡན་པས་གྲུབ་འབྲས་ཐོབ་མི་སྲིད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡི་བཤད་ཚུལ་དེ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་སྤེལ་བའི་གཏམ་བཤད་དང་གཅིག་འདྲ་རེད། ཕུའུ་ཅིན་གྱིས་བསྟན་དོན། ཕྱི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཞི་འཇགས་སུ་གཏོང་བའི་འགན་འཁྲི་དེ་ཨུ་རུ་སིའི་མགོར་འཇོག་རྩིས་ཡོད་ཀྱང་ཨུ་རུ་སིས་དང་ལེན་བྱེད་མི་སྲིད་ཟེར། ཁོས་བལྟས་ན་ཝུའུ་ཁི་ལན་གྱི་མ་འོངས་པ་དེ་ཝུའུ་ཁི་ལན་སྲིད་གཞུང་གིས་སྤྱི་དམངས་ཀྱི་ཁེ་ཕན་ལ་བརྩི་འཇོག་བྱེད་འདོད་ཡོད་མིན་ལ་རག་ལས་ཡོད་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཏོན་པའི་གྲོས་གཞི་ལ་དམིགས་ཏེ་ཝུའུ་ཁི་ལན་གྱི་ཙུང་ལི་ཡཱ་ཚེ་ཉིག་ཁི་ཡིས་ཉིན་དེར་ཁས་ལེན་མ་བྱས་པ་དང་། ཝུའུ་ཁི་ལན་སྲིད་གཞུང་གིས་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པར་ཐད་ཀར་གྲོས་མོལ་བྱེད་མི་སྲིད་ཟེར། ཁོས་ད་རུང་ཨུ་རུ་སི་ཡིས་འཇིགས་སྐུལ་ཉེས་ཅན་ཁྲིམས་མཐུན་ཅན་དུ་གཏོང་འདོད་པའི་བསམ་པ་བསྐྱུར་དགོས་པ་དང་། ་ད་ལོའི་ཟླ་དགུ་བར་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་།

ཡཱ་ཚེ་ཉིག་ཁི་ཡིས་བཤད་རྒྱུར། གལ་ཏེ་ཨུ་རུ་སི་ལ་ཞི་བདེ་ཐོབ་འདོད་ན་མེན་སི་ཁིའི་གྲོས་མཐུན་དངོས་འབེབས་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག