མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་མེ་རི་ཁའི་མི་གཏའ་དམར་གསོད་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-17 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་དྲུག་ཉིན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཁོ་ཚོས་གཏའ་མར་བཟུང་ནས་ལོ་གཅིག་ལྷག་འགོར་བའི་ཨ་རི་བ་ཁཱ་ཞི་ཀི་ཟེར་བ་དམར་གསོད་བཏང་སྟེ། ཨ་མེ་རི་ཁས་དབུས་ཤར་ས་ཁུལ་ལ་དམག་མི་ཁ་སྣོན་བྱེད་པར་ཉེན་བརྡ་བཏང་བ་ཡིན་ལ། ཨ་མེ་རི་ཁའི་དམག་མི་གཞན་པའི་ལས་དབང་ཡང་གཅིག་འདྲ་ཡིན་ཞེས་བཤད།

ཁཱ་ཞི་ཀི་ད་ལོར་ལོ་ཉེར་དྲུག་ཡིན་ལ། དབྱི་རག་དམག་འཁྲུག་གི་སྐབས་སུ་ཨ་མེ་རི་ཁའི་སྐམ་དམག་ལ་ཞུགས་མྱོང་། རྗེས་སུ་ལུས་ཕུང་མ་བདེ་བས་དམག་དཔུང་ལས་བུད་པ་རེད། ཁོའི་ཁྱིམ་མིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བར་ཁཱ་ཞི་ཀི་ལེ་པ་ནོན་ལ་སོང་ནས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་བྱ་བ་གཉེར། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་བའི་ཚེས་གཅིག་ཉིན་ཁོ་སི་རི་ཡའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཏའེ་ཨར་ཙུའུ་ཨར་ལ་འགྲོ་སྐབས་དྲག་ཆས་མི་སྣས་བཙན་ཁྲིད་བྱས་པ་རེད་ཟེར།

གལ་ཏེ་ཁཱ་ཞི་ཀི་དམར་གསོད་བཏང་བའི་བརྙན་རིས་དེ་བདེན་པ་ཡིན་ཚེ། ཁཱ་ཞི་ཀི་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དམར་གསོད་བཏང་བའི་ནུབ་ཕྱོགས་ཀྱི་མི་གཏའ་ལྔ་བ་རེད། འདས་པའི་ཟླ་འགའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་སྔ་གཞུག་ཏུ་ཨ་མེ་རི་ཁའི་གསར་འགོད་པ་གཉིས་དང་དབྱིན་ཇི་བ་གཉིས་ཀྱི་མགོ་བོ་བཅད་པའི་བརྙན་རིས་བསྟན།

དེ་སྔོན་གྱི་བརྙན་རིས་དང་མི་འདྲ་བར། ཐེངས་འདིར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བསྟན་པའི་བརྙན་རིས་ཀྱི་རིང་ཐུང་ལ་སྐར་མ་བཅོ་ལྔ་ཡོད་པ་དང་། ནུབ་ཕྱོགས་ཀྱི་མི་གཏའ་གསོད་པའི་བརྒྱུད་རིམ་བསྟན་མེད་པར། མི་གཏའ་བསད་རྗེས་ཀྱི་མགོ་བོ་བསྟན་ཡོད།

བརྙན་རིས་ལས་ལུས་ལ་ལྭ་བ་ནག་པོ་གྱོན་ནས་ངོ་གདོང་གཡོགས་པའི་སྐྱེས་པ་ཞིག་གིས་འདི་ནི་ཁྱོད་ཚོ་ཨ་མེ་རི་ཁའི་སྤྱི་དམངས་ཁཱ་ཞི་ཀི་ཡིན་ལ། ཁོ་སྔོན་ཆད་དམག་དཔུང་དུ་ཞུགས་ཏེ་དབྱི་རག་ནས་དམག་འཁྲུག་བརྒྱབ་མྱོང་། ད་ལྟ་ང་ཚོས་ས་འདི་ནས་ཨ་མེ་རི་ཁའི་དམག་མི་འདི་དུར་སྦས་བྱེད་རྒྱུ་ཡིན་ཞེས་བཤད་ཡོད།

བརྙན་རིས་དེ་ལས་ད་དུང་ཐལ་སྤྱོད་དྲག་ཆས་མི་སྣས་སི་རི་ཡ་སྲིད་གཞུང་གི་དམག་མི་མཉམ་གསོད་བྱེད་པའི་གནས་ཚུལ་བསྟན་ཡོད། བརྙན་རིས་ལས་དྲག་ཆས་མི་སྣས་མི་གཏའ་བཅོ་བརྒྱད་ཁྲིད་ཡོང་སྟེ་པུས་མོ་ས་ལ་འཛུགས་སུ་བཅུག་རྗེས། ཁོ་ཚོའི་མགོ་བོ་བཅད་སོང་། མགོ་བོ་གཅོད་མཁན་གྱི་ཤན་པ་དེས་བཤད་རྒྱུར། ང་ཚོས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱར་བཤད་རྒྱུ་ཞིག་ནི། ཁྱོད་ཀྱིས་ལོ་བཞིའི་སྔོན་ལ་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱས་པ་ཡིན་ཞེས་བཤད་ནའང་། ད་ལྟ་ད་དུང་དམག་དཔུང་ཕྱིར་འཐེན་བྱས་མེད། དེ་རིང་ང་ཚོས་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་གྱི་དམག་མི་བསད་པ་ཡིན། རྗེས་ཕྱོགས་ང་ཚོས་གསད་རྒྱུ་ནི་ཁྱོད་ཀྱི་དམག་མི་ཡིན། དེའི་རྗེས་སུ་ང་ཚོས་ཨ་མེ་རི་ཁའི་སྲང་ལམ་ནས་ཁྱོད་ཀྱི་མི་དམངས་གསད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཅང་མ་འགོར་བར་གསལ་སྒྲོག་སྤེལ་ནས། དབང་འཛིན་ལས་ཁུངས་ཀྱིས་བརྙན་རིས་དེ་ངོ་མ་ཡིན་མིན་ལ་ར་སྤྲོད་བྱེད་བཞིན་ཡོད་པ་དང་། གལ་ཏེ་ར་སྤྲོད་བྱུང་ཚེ། ང་ཚོ་ཉེས་པ་མེད་པའི་ཨ་མེ་རི་ཁའི་རོགས་སྐྱོབ་མི་སྣ་གདུག་རྩུབ་ཀྱིས་དམར་གསོད་བཏང་བར་ཡ་ང་ཡོད་ལ། ཁོའི་ཁྱིམ་མི་དང་གྲོགས་པོ་རྣམས་ལ་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན་ཞེས་བཤད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁཱ་མཱེ་ལུན་གྱིས་བརྙན་རིས་ནང་གི་སྙིང་རྗེ་བྲལ་བའི་དམར་གསོད་བྱ་སྤྱོད་ལ་ཡ་ང་བའི་ཚུལ་བསྟན།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག