མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞིས་གློ་བུར་དུ་དབྱི་རག་ལ་འཚམས་འདྲི་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:34

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་རྒྱལ་སྲུང་པུའུ་ཡི་མི་སྣས་བཤད་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་་ཇུས་འདོན་པོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་ཚེས་བཅོ་ལྔ་ཉིན་གློ་བུར་དུ་དབྱི་རག་གི་རྒྱལ་ས་པ་ཀི་ཏ་ལ་ཐོན་ཟེར།

 མི་དེས་བཤད་རྒྱུར། ཏིན་ཕུའུ་ཞི་ཡིས་ཐེངས་འདིར་གློ་བུར་དུ་དབྱི་རག་འཚམས་འདྲི་བྱས་ཏེ་དབྱི་རག་གི་ཙུང་ལི་ཨ་པ་ཏེ་དང་། རྒྱལ་སྲུང་དཔོན་པོ་ཨོ་པེ་ཏེ་སོགས་དབྱི་རག་གི་དཔོན་རིགས་མང་བོར་ཐུག་འཕྲད་བྱས་ནས། ཨ་མེ་རི་ཁས་ཇི་ལྟར་མུ་མཐུད་དབྱི་རག་གི་དམག་དཔུང་ལ་རོགས་རམ་དང་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཆམ་ཕབ་གཏོང་བའི་དམག་དོན་འགུལ་སྐྱོད་སྔར་ལས་བཟང་བོར་སྤེལ་བ་སོགས་ཀྱི་གྲོས་གཞི་ལ་གྲོས་སྡུར་བྱེད་རྒྱུ་རེད་ཟེར།

 ཏིན་ཕུའུ་ཞི་ཡིས་ཐེངས་འདིར་གློ་བུར་དུ་དབྱི་རག་ལ་འཚམས་འདྲི་མ་བྱས་པའི་སྔོན་ལ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མཱ་ཡིས་དམག་ཕྱོགས་ལ་དབྱི་རག་ཏུ་དམག་དོན་མི་སྣ་སྟོང་གཅིག་དང་ལྔ་བརྒྱ་ཁ་སྣོན་བྱས་ཏེ། དབྱི་རག་གི་དམག་དཔུང་སྦྱོང་བརྡར་བྱེད་པ་དང་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་འགོག་རྒོལ་བྱེད་པར་རོགས་རམ་བྱེད་པའི་དབང་ཆ་གནང་། མིག་སྔར་དབྱི་རག་ཏུ་ཨ་མེ་རི་ཁའི་དམག་དོན་མི་སྣ་སྟོང་གཅིག་དང་བཞི་བརྒྱ་ཙམ་ཡོད་པ་དང་། ཐེངས་འདིར་དབྱི་རག་ཏུ་དམག་མི་ཁ་སྣོན་བྱེད་རྒྱུ་ཡིན་པ་དེས་དབྱི་རག་ཡོད་པའི་ཨ་མེ་རི་ཁའི་དམག་གྲངས་ལྡབ་གཅིག་འཕར་རྒྱུ་ཡིན་པ་མཚོན་ཡོད།

ད་ལོའི་ཟླ་དྲུག་པའི་ཚུན་ལ། དབྱི་རག་ནས་དྲག་ཆས་འཐབ་འཁྲུག་ཚབས་ཆེན་བྱུང་བ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་བཅས་པས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་དབྱི་རག་གི་བྱང་ཕྱོགས་དང་ནུབ་ཕྱོགས་ཀྱི་མངའ་ཁོངས་ཆེན་པོ་བཙན་བཟུང་བྱས། དེ་དང་མཉམ་དུ་དབྱི་རག་བདེ་འཇགས་དམག་དཔུང་དང་ཁུའུ་ཨར་ཏི་རིགས་ཀྱི་དྲག་ཆས་མི་སྣས་ཨ་མེ་རི་ཁས་མགོ་ཁྲིད་པའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་བར་སྣང་གཞོགས་འདེགས་འོག སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣར་འཐབ་འཁྲུག་དྲག་པོ་རྒྱག་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག