མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་རལ་ཐལ་སྤྱོད་རྩ་འཛུགས་ཆམ་ཕབ་གཏོང་བའི་མཉམ་འབྲེལ་འགུལ་སྐྱོད་ཁྲོད་ཞུགས་འདོད་མེད་ནའང་དེའི་ཐད་ནས་རོགས་རམ་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཱོ་སི་ཁོ་རུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་གཞོན་པ་སི་ལཱོ་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། དབྱི་སི་རལ་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཁྲོད་ཞུགས་རྩིས་མེད་མོད། ཡིན་ནའང་མཉམ་འབྲེལ་དམག་དཔུང་ལ་དངོས་གཞི་མིན་པའི་རོགས་རམ་བྱེད་འདོད་ཡོད་ཟེར།

སི་ལཱོ་ཧྥུའུ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་ནི་རྩ་འཛུགས་དེ་ཡོད་སའི་རྒྱལ་ཁབ་ཀྱི་ནང་ཁུལ་གྱི་དོན་དག་ཡིན་པས། དབྱི་སི་རལ་གྱིས་དེར་ཐེ་གཏོགས་བྱས་ན་མཇུག་འབྲས་ངན་པ་འབྱུང་སྲིད་ཅེས་བཤད། ཡིན་ནའང་དེ་དང་མཉམ་དུ་ཁོ་མོས་དབྱི་སི་རལ་གྱིས་རྒྱལ་སྤྱིའི་མཉམ་འབྲེལ་དམག་དཔུང་གི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་མ་ཟད། དངོས་གཞི་མིན་པའི་རོགས་རམ་བྱེད་རྒྱུ་ཡིན་ལ། ཅོར་ཏན་རྒྱལ་ཁབ་བར་དུ་མཉམ་ལས་དེའི་རིགས་སྤེལ་ཡང་སྲིད་ཅེས་བཤད།

མིག་སྔའི་བར། ཨ་མེ་རི་ཁས་མགོ་ཁྲིད་པའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་ཐེངས་མང་བོར་བར་སྣང་ནས་འཇབ་རྒོལ་བྱས་མྱོང་། ཨ་མེ་རི་ཁའི་དཔོན་རིགས་ཀྱིས་བཤད་པ་ལྟར་ན། བར་སྣང་གི་འཇབ་རྒོལ་གྱིས་རྩ་འཛུགས་དེའི་ཁོངས་མིའི་ངར་ཤུགས་དང་དྲག་ཆས་མི་སྣ་བསྡུ་བའི་བྱ་བར་བར་ཆད་བྱས་ཏེ། དེའི་འཐབ་འཛིང་གི་ནུས་པ་ཇེ་ཆུང་དུ་བཏང་བ་མ་ཟད། དྲག་ཆས་མི་སྣར་བསྐུངས་ས་མེད་པ་ཞིག་ཏུ་བཏང་ཟེར།

 ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཕུའུ་ཞི་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་ཚོགས་ཀྱི་ཉན་ཞིབ་བདེན་དཔང་ཚོགས་འདུ་ཞིག་གི་སྟེང་བཤད་རྒྱུར། ས་ངོས་ཀྱི་དམག་དཔུང་ངེས་ཅན་ཞིག་མངགས་ཏེ་དབྱི་རག་དམག་དཔུང་དང་མཉམ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཆམ་ཕབ་གཏོང་བར་བསམ་གཞིགས་གཏོང་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག