མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རག་གི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་སྟེ་མི་བཅུ་བཞི་རྐྱེན་ལམ་དུ་ཤོར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-16 10:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་བདེ་འཇགས་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གི་རྒྱལ་ས་པ་ཀི་ཏ་ནས་ཚེས་བཅུ་བཞི་ཉིན་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་ནས། མི་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་ལྔ་བཅུ་ང་དྲུག་ལ་རྨས་ཕོག་ཟེར།

དབྱི་རག་ནང་སྲིད་པུའུ་ཡི་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཐོག་ཏུ་འགད་རྫས་བཞག་པའི་རླངས་འཁོར་ཞིག་ཉིན་དེའི་དགོང་མོར་པ་ཀི་ཏའི་ཤར་བྱང་ཁུལ་གྱི་མཱ་ཀི་ལེ་པུའུ་ལམ་ཆེན་ནས་འགས་གཏོར་བྱུང་སྟེ། མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། སོ་ལྔ་ལ་རྨས་ཕོག་པ་མ་ཟད། ཉེ་འདབས་ན་ཡོད་པའི་རླངས་འཁོར་མང་བོ་བརླགས་ཟེར།

མི་དེས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་བྱུང་ནས་དུས་ཚོད་འགའི་རྗེས་སུ། ཐོག་ཏུ་འགད་རྫས་བཞག་པའི་རླངས་འཁོར་ཞིག་པ་ཀི་ཏའི་བྱང་ཕྱོགས་ཀྱི་ཁཱ་ལེ་ཡཱ་ཁུལ་གྱི་མུའུ་སི་ལིན་ཆོས་ཁང་ཞིག་གི་ཉེ་འདབས་ནས་འགས་གཏོར་བྱུང་སྟེ། ཉེ་འདབས་ཀྱི་པ་ཀི་ཏའི་སྡོད་དམངས་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་པ་མ་ཟད། ཆོས་ཁང་དེ་དང་ཉེ་འདབས་ཀྱི་ཁང་བར་གཏོར་བརླགས་ཐེབས་ཟེར། ན་ནིང་གི་ལོ་མགོ་ནས་བཟུང་། དབྱི་རག་ནས་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་མཚམས་མ་ཆད་པར་བྱུང་ནས། བདེ་འཇགས་གནས་བབ་ཚབས་ཆེན་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པ་དང་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་མི་གཞུང་སྒྲུབ་ཁང་གིས་བསྒྲགས་པ་ལྟར་ན། ད་ལོའི་ལོ་སྟོད་ལ། དབྱི་རག་གི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་ཁྲོད་ནས་བསྡོམས་པས་མི་སེར་སྟོང་ལྔ་དང་ལྔ་བརྒྱ་དོན་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཅིག་དང་སྟོང་གཅིག་ལྷག་ལ་རྨས་ཕོག་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག