མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བས་རང་ཉིད་འཇབ་རྒོལ་ཁྲོད་ཤི་མེད་པར་བདེན་དཔང་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་དྲག་ཆས་རྩ་འཛུགས་ཀྱིས་ཚེས་བཅུ་གསུམ་ཉིན་རྩ་འཛུགས་དེའི་འགོ་བ་པ་ཀི་ཏ་ཏེ་ཡི་གཏམ་བཤད་ཅིག་བསྒྲགས་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་བ་དེ་བར་སྣང་གི་འཇབ་རྒོལ་ཁྲོད་ཤི་མེད་པར་བདེན་དཔང་བྱས།

ཨ་མེ་རི་ཁའི་དམག་དཔུང་གིས་གཟའ་འཁོར་སྔོན་མར་དབྱི་རག་གི་བྱང་ཕྱོགས་གྲོང་ཁྱེར་མཱོ་སུའུ་ཨར་ཉེ་འདབས་ནས་བར་སྣང་གི་འཇབ་རྒོལ་རབ་དང་རིམ་པ་སྤེལ་བ་དང་། དམིགས་འབེན་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འགོ་ཁྲིད་རིམ་པ་རེད། དེའི་རྗེས་སུ་པ་ཀི་ཏ་ཏེ་ཟེར་བའི་འགོ་བ་དེར་བར་སྣང་གི་འཇབ་རྒོལ་ཁྲོད་ནས་རྨས་ཕོག་པའམ་ཡང་ན་ཤི་ཡོད་སྲིད་ཅེས་པའི་གནས་ཚུལ་ཞིག་གྲགས།

དབྱི་རག་ནང་སྲིད་པུའུ་དང་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ་པ་ཀི་ཏ་ཏེ་ལ་རྨས་ཕོག་ཡོད་ཅེས་བསྒྲགས་མོད། ཡིན་ནའང་ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་དེར་བདེན་དཔང་མ་བྱས།

པ་ཀི་ཏ་ཏེ་ཡིས་གཏམ་བཤད་ཁྲོད་བཤད་རྒྱུར། ཁོའི་རྩ་འཛུགས་ལ་ཟླ་གསུམ་རིང་གི་བར་སྣང་འཇབ་རྒོལ་ཁྲོད་ད་དུང་བདེ་འཇགས་ངང་གནས་ཡོད་པ་མ་ཟད། ཁོ་ཚོས་ད་དུང་འཇབ་རྒོལ་གྱི་རྒྱ་བསྐྱེད་དེ། སོ་ཏི་ཨ་རབ་དང་ཡེ་མིན། ཨེ་ཅིབ། ལི་པི་ཡ། ཨར་ཅི་རི་ཡ་སོགས་ལ་འཇབ་རྒོལ་བྱེད་རྒྱུ་ཡིན་ཟེར། ཁོས་ད་དུང་གོང་གི་རྒྱལ་ཁབ་དེ་དག་གི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ལ་ཞབས་ཕྱི་བསྒྲུབ་པར་དང་ལེན་བྱེད་རྒྱུ་ཡིན་ཞེས་བསྒྲགས། པ་ཀི་ཏ་ཏེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་མྱུར་དུ་ས་ངོས་དམག་དཔུང་མངགས་ཏེ་དམག་མི་རྣམས་ལྔ་ལམ་དུ་སྐྱེལ་ངེས་ཞེས་བཤད།

གཏམ་བཤད་དེའི་སྐད་ནི་པ་ཀི་ཏ་ཏེ་ཡི་སྐད་ཡིན་མིན་དང་ཡང་ན་ཁོར་གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་འཇབ་རྒོལ་ཐེབས་རྗེས་སྤེལ་མིན་དེར་དཔོན་ཕྱོགས་ཀྱིས་ད་དུང་བདེན་དཔང་བྱས་མེད། པ་ཀི་ཏ་ཏེ་ཡིས་གཟའ་འཁོར་སྔོན་མའི་འགས་གཏོར་གྱི་སྐོར་གླེང་མེད་པར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་དབྱི་རག་ཕྱོགས་སུ་དམག་མི་ཁ་སྣོན་བྱེད་རྒྱུ་ཡིན་ཞེས་བསྒྲགས་པའི་གནས་ཚུལ་དང་། ཨེ་ཅིབ་རྒྱལ་ཁབ་ཀྱི་ཡེ་ལུའུ་ས་ལུན་རྒྱབ་སྐྱོར་པའི་རྩ་འཛུགས་ཞེས་པ་དེས་ཚེས་བཅུ་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ཞེས་བསྒྲགས་པའི་གནས་ཚུལ་གླེང་ཡོད།

པ་ཀི་ཏ་ཏེ་ཟླ་བདུན་པར་བརྙན་རིས་ཤིག་གི་ནང་ཤར་མྱོང་བ་དང་། ཧྥ་རན་སིའི་གསར་འགྱུར་ཁང་གིས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིར་སྒྲ་མ་གཏོགས་བརྙན་རིས་མ་བསྟན་པས། ཕྱི་ཕྱོགས་ཀྱི་ཁོར་རྨས་ཕོག་པའི་ཐད་ཀྱི་དོགས་གཞི་ཇེ་ཆེར་འགྲོ་སྲིད་ཟེར།

ཨ་མེ་རི་ཁའི་གསང་འཕྲིན་ལྟར་ན། པ་ཀི་ཏ་ཏེ་ནི་གཅིག་སྟོང་དགུ་བརྒྱ་དོན་གཅིག་ལོར་དབྱི་རག་གི་སཱ་མད་ལཱ་གྲོང་ཁྱེར་ནས་སྐྱེས་པ་དང་། ཉིས་སྟོང་གསུམ་ལོར་དབྱི་རག་གི་དམག་འཁྲུག་བྱུང་རྗེས་དབྱི་རག་ནས་ཨ་མེ་རི་ཁར་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱི་གྲས་སུ་ཞུགས་ལ། རེ་ཞིག་ལ་ཨ་མེ་རི་ཁའི་དམག་དཔུང་གི་བཙོན་ཁང་དུ་བཅུག་མྱོང་།

ཉིས་སྟོང་ལྔ་ལོའི་ཟླ་བཅུ་བར། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་དང་སི་རི་ཡའི་མཐའ་མཚམས་ཀྱི་བར་སྣང་འཇབ་རྒོལ་ཞིག་གི་ཁྲོད་ནས་ཨ་པུའུ་ཏུའུ་ཨ་ཟེར་བ་ཞིག་བསད་པར་བཤད་ལ། མིང་དེ་ནི་པ་ཀི་ཏ་ཏེ་ཡིས་རྒྱུན་དུ་བཀོལ་བཞིན་པའི་མིང་རྫུན་མའི་ནང་གི་གཅིག་རེད།

ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བར། ཨ་མེ་རི་ཁས་པ་ཀི་ཏ་ཏེ་ནི་འཇིགས་སྐུལ་མི་སྣའི་གྲས་སུ་བཞག་པ་དང་། པ་ཀི་ཏ་ཏེ་འཛིན་བཟུང་བྱས་ན་ཨ་མེ་རི་ཁའི་སྒོར་མོ་བྱེ་བ་གཅིག་གི་བྱ་དགའ་སྟེར་རྒྱུ་ཡིན་ཞེས་བསྒྲགས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག