མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅིན་ཀྲིན་ཨིན་གྱི་ཆེད་མངགས་ཕོ་ཉས་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-15 11:19

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་དང་ཨུ་རུ་སི་གཉིས་ཀྱིས་ཚེས་བཅུ་བཞི་ཉིན་སྔ་གཞུག་ཏུ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཚོས་ལུང་ཧེ་ཡིས་གཟའ་འཁོར་རྗེས་མར་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་ཆེད་མངགས་ཕོ་ཉའི་ཚུལ་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་རེད་ཅེས་བསྒྲགས།

  ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཉིན་དེའི་སྔ་དྲོར་གསར་འགྱུར་སྤེལ་ནས། ཚོས་ལུང་ཧེ་ཡིས་ཁྲའོ་ཞན་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་བོ་ཅིན་ཀྲིན་ཨིན་གྱི་ཆེད་མངགས་ཕོ་ཉའི་ཚུལ་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་རྒྱུ་རེད་ཅེས་བསྒྲགས། གསར་འགྱུར་ནང་དུ་འཚམས་འདྲིའི་དུས་ཚོད་གསལ་བོར་བཀོད་མེད་པར་མི་འགྱང་བར་འཚམས་འདྲི་བྱེད་རྒྱུ་རེད་ཅེས་བཀོད་ཡོད།

  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་དེའི་རྗེས་སུ་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཚོས་ལུང་ཧེ་ཡིས་ཟླ་འདིའི་ཚེས་བཅུ་བདུན་ཉིན་ནས་བཟུང་ཨུ་རུ་སི་ལ་དུས་ཡུན་གཟའ་འཁོར་གཅིག་གི་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། སྔོན་ལ་ཨུ་རུ་སིའི་རྒྱལ་ས་མཱོ་སི་ཁོ་དང་དེའི་རྗེས་སུ་ཨུ་རུ་སིའི་ཧ་པ་ལོ་ཧྥུའུ་སི་ཁི་དང་ཧྥུའུ་ལཱ་ཏེ་ཝོ་སི་ཐོ་ཁི་གྲོང་ཁྱེར་གཉིས་ལ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།

  ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་བཤད་རྒྱུར། ཚོས་ལུང་ཧེ་ཡིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་སྐབས། ཕྱོགས་གཉིས་ཀྱིས་ཆབ་སྲིད་གྲོས་མོལ་གྱི་རིམ་པ་སྤོར་བ་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བའི་ཐབས་ལམ། ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡ་ཤར་བྱང་ས་ཁུལ་གྱི་བདེ་འཇགས་གནས་བབ། ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་བཅས་ལ་གྲོས་སྡུར་བྱེད་རྒྱུ་རེད་ཟེར།

  ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་བཤད་པ་ལྟར་ན། ཚོས་ལུང་ཧེ་ཡིས་ཐེངས་འདིའི་འགྲུལ་བཞུད་ནི་ཅིན་ཀྲིན་ཨིན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པའི་སྟབས་གོན་ཙམ་ཡིན་སྲིད་ཟེར།

  ཧན་གོའི་གསར་འགྱུར་ལས་ཁུངས་ཀྱིས་ཟླ་བརྒྱད་པའི་ཟླ་སྨད་ལ། ཅིན་ཀྲིན་ཨིན་གྱིས་ཟླ་བརྒྱད་པའི་མཇུག་དང་ཡང་ན་ཟླ་དགུ་བའི་འགོར་ཨུ་རུ་སི་ལ་ཐེངས་དང་པོར་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཕུའུ་ཅིན་ལ་ཐུག་འཕྲད་བྱས་ཏེ། ཁྲའོ་ཞན་དང་ཨུ་རུ་སིའི་འབྲེལ་བར་ཤུགས་སྣོན་རྒྱུ་རེད། གལ་ཏེ་འཚམས་འདྲི་དེ་ལེགས་འགྲུབ་བྱུང་ཚེ། དེ་ནི་ཅིན་ཀྲིན་ཨིན་གྱིས་སྲིད་དབང་བཟུང་ནས་ལོ་གཉིས་ལྷག་འགོར་བའི་རིང་ལ་ཕྱི་རྒྱལ་དུ་འཚམས་འདྲིར་འགྲོ་ཐེངས་དང་བོ་རེད་ཟེར། ཡིན་ནའང་སྐབས་དེར་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལཱོ་ཧྥུའུ་ཡིས་གནས་ཚུལ་དེར་བདེན་དཔང་མ་བྱས།

  དེའི་རྗེས་སུ་ཁྲའོ་ཞན་གྱི་ཕྱི་དོན་དཔོན་པོ་ལིས་ཀྲུའུ་ཡུང་གིས་ཟླ་བའི་འགོར་མཱོ་སི་ཁོ་ལ་འཚམས་འདྲི་བྱས་པ་མ་ཟད་ལཱ་ཧྥུའུ་ལཱོ་ཧྥུའུ་ལ་ཐུག་འཕྲད་བྱས་རྗེས། ལཱ་ཧྥུའུ་ལཱོ་ཧྥུའུ་ཡིས་ཀྱང་ཅིན་ཀྲིན་ཨིན་གྱིས་ཕྱི་རྒྱལ་ལ་འཚམས་འདྲི་བྱེད་ཡུལ་དང་བོ་ཨུ་རུ་སི་གདམ་ཡང་སྲིད་ཅེས་བཤད།

  ད་ལོའི་ཟླ་ལྔ་བར། ཨུ་རུ་སིས་ཁྲའོ་ཞན་གྱི་དངུལ་བུན་བརྒྱ་ཆའི་དགུ་བཅུ་མེད་པར་བཏང་བ་ཡིན་ཞེས་བསྒྲགས་པ་དང་། ཟླ་བརྒྱད་པའི་མཇུག་ལ། ཁྲའོ་ཞན་གྱི་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བའི་འགན་ཁུར་བའི་ཕྱི་དོན་ལས་ཁུངས་ཀྱི་དཔོན་པོ་གཞོན་པ་ཅིན་ཧིན་ཅོན་གྱིས་ཨུ་རུ་སིར་སྡོད་པའི་གཞུང་ཚབ་ཆེན་མོའི་འགན་ཁུར་བ་དང་། དེ་ནི་ཁྲའོ་ཞན་གྱིས་ལོ་བརྒྱད་ཀྱི་རིང་ལ་ཨུ་རུ་སིར་སྡོད་པའི་གཞུང་ཚབ་ཆེན་མོ་ཐེངས་དང་བོར་བརྗེ་བ་རེད། ལིས་ཀྲུའུ་ཡུང་གིས་ཟླ་བཅུ་བར་ཨུ་རུ་སི་ལ་འཚམས་འདྲི་བྱེད་སྐབས། ཨུ་རུ་སི་ཁྲའོ་ཞན་ལ་འབྲུ་རིགས་ཏུན་ཁྲི་ལྔའི་རོགས་སྐྱོར་འདོན་སྤྲོད་བྱེད་པར་འཐད་པ་བྱུང་།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག