མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་དབྱི་ལང་གི་ཉིང་རྡུལ་གནད་དོན་ཐད་ནས་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་དགོས་ན་དུས་ཚོད་སྔར་ལས་རིང་བོ་དགོས་སྲིད་ཅེས་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལུའུ་ཁ་ཧྲི་ཝེ་ཆི་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དབྱི་ལང་ཉིང་རྡུལ་གནད་དོན་ཐད་ནས་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འགོད་པས་དུས་ཚོད་སྔར་ལས་རིང་བོ་དགོས་སྲིད་ཟེར།

དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་སྟེ་ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་མན་བཅས་དང་དབྱི་ལང་གིས་ཚེས་བཅུ་གཅིག་ཉིན་ཨ་མན་རྒྱལ་ཁབ་ཀྱི་རྒྱལ་ས་མཱ་སི་ཁ་ཐི་ནས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཐད་ཀྱི་དངོས་གཞི་མིན་པའི་གྲོས་མོལ་སྤེལ་བ་དང་། ཕྱོགས་སོ་སོས་གྲོས་བསྡུར་བྱས་རྗེས་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཝེ་ཡེ་ནཱ་ནས་སྐོར་ཐེངས་རྗེས་མའི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཐད་ནས་གྲོས་མོལ་སྤེལ་རྒྱུའི་ཐག་བཅད།

ལུའུ་ཁ་ཧྲི་ཝེ་ཆི་ཡིས་ཚེས་བཅུ་གསུམ་ཉིན་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་སོ་སོས་ཚེས་ཉེར་བཞི་ཉིན་གྱི་སྔོན་ལ་དབྱི་ལང་ཉིང་རྡུལ་གནད་དོན་ཐད་ནས་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་རྒྱུར་རེ་བ་བཅངས་ཡོད་མོད། ཡིན་ནའང་ཨུ་རུ་སིས་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་པའི་དུས་ཚོད་དེ་ལས་ཀྱང་རིང་སྲིད་པར་འདོད་ཡོད་ཟེར།

ལུའུ་ཁ་ཧྲི་ཝེ་ཆི་ཡིས་དབྱི་ལང་ཉིང་རྡུལ་གནད་དོན་གྱི་གནས་ཚུལ་ཧ་ཅང་རྙོག་འཛིང་ཆེ་ཞེས་བཤད། ཁོས་བཤད་རྒྱུར། མིག་སྔར་ཕྱོགས་སོ་སོའི་བར་དུ་འགལ་བ་སྔར་བཞིན་གནས་མོད། ཡིན་ནའང་རྩོད་གཞིའི་གྲོས་མོལ་ཐད་ནས་གྲུབ་འབྲས་ཅུང་ཙམ་ཐོབ་ཡོད། ཕྱོགས་སོ་སོར་དབྱི་ལང་ཉིང་རྡུལ་གནད་དོན་ཐག་གཅོད་པའི་ཆབ་སྲིད་ཀྱི་འདོད་བློ་ཡོད་པ་དེ་མཇུག་མཐར་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་པར་ཕན་པ་ཡོད་ནའང་། དབྱི་ལང་ཉིང་རྡུལ་གནད་དོན་ཐད་ནས་ཕྱོགས་སོ་སོས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འགོད་རྒྱུ་ནི་ཧ་ཅང་དཀའ། མིག་སྔའི་ལས་འགན་ནི་ཚེས་ཉེར་བཞི་ཉིན་གྱི་སྔོན་ལ་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་པར་འབད་བརྩོན་བྱེད་རྒྱུ་དེ་ཡིན་ཟེར།

དབྱི་ལང་དང་དབྱི་ལང་ཉིང་རྡུལ་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་གིས་ན་ནིང་གི་ཟླ་བཅུ་གཅིག་པར་དུས་རིམ་རང་བཞིན་གྱི་གྲོས་ཆོད་བཀོད་པ་དང་། གྲོས་ཆོད་དེ་ལྟར་ན་ད་ལོའི་ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་དབྱི་ལང་གིས་རང་གི་ཉིང་རྡུལ་འཆར་གཞིའི་ཐད་ནས་ཕྱིར་སྣུར་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དབྱི་ལང་ལ་བཀག་སྡོམ་བྱེད་ཚབ་ཇེ་ཡང་དུ་གཏོང་བར་བརྩོན་ལེན་བྱེད་དགོས་ལ། དེ་དང་མཉམ་དུ་གྲོས་མོལ་བྱས་ཏེ་དབྱི་ལང་ཉིང་རྡུལ་གནད་དོན་ཐད་ནས་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་པར་བརྩོན་ལེན་བྱེད་དགོས། ཟླ་བདུན་པའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་མ་ཐུབ་པས། ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་དུས་ཚོད་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་བར་དུ་ཇེ་རིང་ལ་བཏང་སྟེ། དེའི་སྔོན་ལ་ཕྱོགས་ཡོངས་ཀྱི་གྲོས་ཆོད་འགོད་པར་བརྩོན་ལེན་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག