མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་གནས་བབ་ཛ་དྲག་ཏུ་གྱུར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ཉེ་ཚིས་ཁི་ས་ཁུལ་གྱི་གནས་བབ་ཚེས་བཅུ་གཉིས་ཉིན་ཛ་དྲག་ཏུ་གྱུར་ནས། གྲོང་ཁྱེར་ཡོངས་སུ་མེ་སྒྱོགས་ཀྱི་སྒྲ་ཡིས་ཁེངས། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་དང་ཝུའུ་ཁི་ལན་སྲིད་གཞུང་དམག་བར་གྱི་འཐབ་འཁྲུག་སྔར་ལས་ཚབས་ཇེ་ཆེ་རུ་འགྲོ་སྲིད་པའི་ཉེན་བརྡ་བཏང་།

ཏོན་ཉེ་ཚིས་ཁི་ན་ཡོད་པའི་ཧྥ་རན་སིའི་གསར་འགྱུར་ཁང་གི་གསར་འགོད་པ་ཞིག་གིས་བཤད་རྒྱུར། ཞོགས་པ་ནས་བཟུང་སྟེ་ཏོན་ཉེ་ཚིས་ཁི་གནམ་གྲུ་ཐང་གི་ཝུའུ་ཁི་ལན་སྲིད་གཞུང་དམག་གིས་ཚོད་འཛིན་བྱེད་སའི་ཉེ་འདབས་ནས་མེ་སྒྱོགས་ཀྱི་སྒྲ་ཆེན་པོ་གྲགས་ཟེར།

ཏོན་ཉེ་ཚིས་ཁི་འཛུགས་སྐྲུན་ཐིན་གྱིས་གསལ་སྒྲོག་ཅིག་སྤེལ་ནས་བཤད་རྒྱུར། གྲོང་ཁྱེར་གྱི་ས་ཁོངས་སོ་སོ་ནས་མེ་སྒྱོགས་ཀྱི་སྒྲ་དང་འགས་གཏོར་གྱི་སྒྲ་གོ་ཐུབ་ཟེར།

ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དམག་མི་ཞིག་སྒྱོགས་མདེལ་གྱི་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། མི་གཞན་པ་གཉིས་ལ་རྨས་ཕོག དེའི་ནང་གི་རྨས་མ་གཅིག་ལ་ཏོན་ཉེ་ཚིས་ཁི་གནམ་གྲུ་ཐང་ནས་རྨས་ཕོག་པ་དང་། སྐབས་དེར་སྲིད་གཞུང་དམག་གིས་ཚོད་འཛིན་བྱེད་སའི་སྒར་ས་ལ་ཐེངས་མང་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་ཟེར།

ཧྥ་རན་སིའི་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན། འདི་ནི་གཟའ་འཁོར་སྔོན་མའི་གཟའ་མཇུག་གི་རྗེས་སུ་ཤར་ཕྱོགས་ས་ཁུལ་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་པ་ཆེས་མང་བའི་ཉིན་ཞིག་རེད་ཟེར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པས་དམངས་ཁྲོད་དྲག་ཆས་རྩ་འཛུགས་དང་སྲིད་གཞུང་དམག་བར་བར་དུ་བསྟུད་མར་འཐབ་འཁྲུག་བརྒྱབ་པ་ལས་ཤར་ཕྱོགས་ས་ཁུལ་ནས་ཡང་བསྐྱར་ཁྱོན་ཡོངས་ནས་འཐབ་འཁྲུག་རྒྱག་པའི་སྣང་ཚུལ་འབྱུང་སྲིད་ལ། ཕྱོགས་གཉིས་ཀྱིས་དེ་སྔ་བཀོད་པའི་འཐབ་འཁྲུག་མཚམས་འཇོག་པའི་གྲོས་ཆོད་དེ་ཡང་ཁ་སྟོང་ནང་གི་ཚིག་སྟོང་དུ་འགྱུར་སྲིད་པའི་ཉེན་བརྡ་བཏང་།

དེ་དང་མཉམ་དུ་ཝུའུ་ཁི་ལན་སྲིད་གཞུང་དམག་གིས་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ལུའུ་ཀན་སི་ཁི་བྱང་ཕྱོགས་གཡུལ་སའི་འཐབ་ཇུས་ཀྱི་ས་གནས་གཙོ་བོ་ཞིག་བཙན་འཕྲོག་བྱེད་རྩིས་བྱས་པར་སྐྱོན་བརྗོད་བྱས། ཝུའུ་ཁི་ལན་ཀྲུང་དབྱང་སྲིད་གཞུང་ལ་བློ་དཀར་བའི་ལུའུ་ཀན་སི་ཁི་མངའ་སྡེའི་ས་གནས་དཔོན་པོ་ཞིག་གིས་བཤད་རྒྱུར། ལུའུ་ཁན་སི་ཁི་གྲོང་ཁྱེར་གྱི་གཡུལ་ས་ནས་མེ་སྒྱོགས་ཀྱི་སྒྲ་བསྟུད་མར་ཇེ་མང་དུ་སོང་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་དཔོན་པོ་པོར་ཐོ་ལཱ་ཁི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཝུའུ་ཁི་ལན་སྲིད་གཞུང་དམག་གིས་འཐབ་འཁྲུག་ལ་ཞུགས་པར་གྲ་སྒྲིག་བཟང་བོ་བྱས་ཡོད་ལ། ད་ལྟ་ཤར་ཕྱོགས་ཀྱི་འཐབ་འཁྲུག་རྒྱག་སའི་གནས་བབ་རྙོག་འཛིང་ཆེ་ནའང་ད་དུང་བརྟན་འཇགས་ཡིན་ཟེར།

ཝུའུ་ཁི་ལན་སྲིད་གཞུང་དང་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཟླ་དགུ་བར་མེན་སི་ཁོའི་འཐབ་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་པའི་ཚུན་ལ། ཕྱོགས་གཉིས་བར་གྱི་གཞི་ཁྱོན་ཆུང་བའི་འཐབ་འཁྲུག་སྔར་བཞིན་མཚམས་མ་ཆད་པ་དང་། ཉེ་ལམ་ད་དུང་ཚབས་ཇེ་ཆེར་འགྲོ་བའི་སྣང་ཚུལ་བྱུང་། ཝུའུ་ཁི་ལན་སྲིད་གཞུང་དམག་གིས་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་པ་ལྟར་ན། ཟླ་བཞི་བའི་ཟླ་དཀྱིལ་ལ་ཤར་ཕྱོགས་ས་ཁུལ་ནས་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཝུའུ་ཁི་ལན་གྱི་དམག་མི་སྟོང་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་བཞི་དང་བདུན་ཅུ་དོན་དགུ་ལ་རྨས་ཕོག་ཟེར།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ལྟ་ཞིབ་པ་མང་བོས་དམག་བཀོལ་རླངས་འཁོར་ཆེ་བ་བཅུ་ཕྲག་འགའ་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་སའི་ཏོན་ཉེ་ཚིས་ཁི་ལ་བསྐྱོད་པ་མཐོང་བས། ཤར་ཕྱོགས་ཀྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེར་སོང་ཟེར།

ཝུའུ་ཁི་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིས་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་པ་མ་ཟད་མཚོན་ཆ་འདོན་སྤྲོད་བྱས་པར་སྐྱོན་བརྗོད་ཐེངས་མང་བྱས་མྱོང་ནའང་། ཨུ་རུ་སི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་འཐབ་འཁྲུག་ཁྲོད་ཞུགས་ཀྱིན་མེད་པ་མ་ཟད། གྲོས་མོལ་ལ་ཡར་སྐུལ་བྱས་ཏེ་ཝུའུ་ཁི་ལན་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་ཐེངས་མང་བོར་ནན་གྱི་བསྟན་མྱོང་།

ཝུའུ་ཁི་ལན་གྱི་ཉམས་ཉེན་ཐད་ནས། ཨ་མེ་རི་ཁ་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སི་ལ་བཀག་སྡོམ་ཐེངས་མང་བྱས་མྱོང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཕྱི་འབྲེལ་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མིའི་འགན་གཅིག་ལྕོགས་སུ་འཁུར་མཁན་མཱོ་ཀའེ་ལེ་ཉི་ཡིས་བཤད་རྒྱུར། ཡོབ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཚེས་བཅུ་བདུན་ཉིན་ཚོགས་འདུ་བསྡུས་ཏེ། ཨུ་རུ་སི་ལ་སྔར་ལས་བཀག་སྡོམ་བྱེད་པར་གྲོས་སྡུར་བྱས་ཟེར།

ཡིན་ནའང་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཤར་ཕྱོགས་ཀྱི་དམངས་ཁྲོད་དྲག་ཆས་རྩ་འཛུགས་ཀྱི་ཁོངས་མི་ཁ་ཤས་བཀག་སྡོམ་གྱི་མིང་ཐོ་རུ་འགོད་པར་བསམ་གཞིགས་གཏོང་བཞིན་ཡོད་ནའང་། ད་ལྟ་དཔལ་འབྱོར་གྱི་བཀག་སྡོམ་སྔར་ལས་མང་བོ་བྱེད་པར་བསམ་བློ་གཏོང་མི་སྲིད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག