མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་འབད་བརྩོན་ཆེན་པོས་ཨེ་པོ་ལཱ་ནད་ཡམས་འགོག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-11-14 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཨེ་པོ་ལཱ་ནད་ཡམས་འཕྲལ་བསྟུད་ཆེད་མངགས་ཚོགས་པའི་ཚོགས་གཙོ་པན་པོ་ལེ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། འཛམ་གླིང་གིས་ཨེ་པོ་ལཱ་ནད་ཡམས་འགོག་པའི་བྱ་བར་གྲུབ་འབྲས་གལ་ཆེན་ཐོབ་ཡོད་མོད། ཡིན་ནའང་ངེས་པར་དུ་སྡོད་ཁུལ་གྱི་འགོད་བཅོས་ཚོད་འཛིན་ལ་ཤུགས་སྣོན་པ་སོགས་ཐད་ནས་མུ་མཐུད་འབད་བརྩོན་བྱས་ན། ད་གཟོད་མཇུག་མཐར་ནད་ཡམས་དེར་ཚོད་འཛིན་བྱེད་ཐུབ་ཟེར།

ཉིན་དེར་སྐབས་རེ་དགུ་བའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་གྲོས་ཚོགས་བསྡུས་ཏེ་པན་པོ་ལེ་ཡིས་ཨེ་པོ་ལཱ་ནད་ཡམས་འགོག་བཅོས་ཀྱི་འཕེལ་རིམ་ཁྱབ་སྒྲོག་བྱས་པར་ཉན། པན་པོ་ལེ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་ནུབ་མའི་ཨེ་པོ་ལཱ་ནད་ཡམས་ལས་མི་སྟོང་ལྔ་ལྷག་རྐྱེན་ལམ་དུ་ཤོར་གཏན་ཁེལ་བྱས་ཡོད་པ་དང་། དོན་དངོས་སུ་འདས་པོའི་གྲངས་ཀ་དེ་ལས་ཀྱང་མང་སྲིད། དེས་མི་ཚད་གནོད་པ་ཐེབས་པའི་རྒྱལ་ཁབ་ཀྱི་འཚོ་བ་ཟང་ཟིང་དུ་གྱུར་བ་དང་། ནད་ཡམས་ལས་དྭ་ཕྲུག་མང་བོ་བྱུང་ཞིང་། ཟས་རིགས་ཀྱི་རིན་གོང་ཆེས་ཆེར་འཕར་ལ། སློབ་གྲྭས་སྒོ་བརྒྱབ་པ་དང་། སྲིད་གཞུང་གི་ཡོང་སྒོ་ཧ་ཅང་ཇེ་ཉུང་དུ་སོང་ཟེར།

དེ་དང་མཉམ་དུ་ཁོས་བཤད་རྒྱུར། ནད་ཡམས་འགོག་པའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་དེ། འཕྲལ་བསྟུན་ཆེད་མངགས་ཚོགས་པས་གཏན་ལ་ཕབ་པའི་དམིགས་འབེན་ནི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་གྱི་སྔོན་ལ་གོང་གི་ནད་པ་དེ་དག་ནང་གི་ནད་པ་བརྒྱ་ཆའི་བདུན་ཅུ་ལ་སྨན་བཅོས་བྱེད་རྒྱུ་དང་། བརྒྱ་ཆའི་བདུན་ཅུའི་ཡན་གྱི་བེམ་པོར་བདེ་འཇགས་བྱེད་ཐབས་སྤྱོད་རྒྱུ་དེ་ཡིན། ད་ལྟ་བསྡོམས་རྩིས་བྱས་ཡོད་པ་ལྟར་ན། ལི་པི་ལི་ཡའི་རྒྱལ་ས་མིན་ལཱོ་ཝེ་ཡ་ནས་གྲངས་ཀ་དེ་གཉིས་སོ་སོར་བརྒྱ་ཆའི་ང་ལྔ་དང་བརྒྱ་ཆའི་བརྒྱད་ཅུ་ལ་བུད་ཡོད། སྤྱི་ཚོགས་རིམ་པ་ནས་བྱེད་ཐབས་སྤྱོད་རྒྱུ་ནི་གྲུབ་འབྲས་དེ་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར།

པན་པོ་ལེ་ཡིས་ནན་གྱིས་བཤད་རྒྱུར། ནད་ཡམས་འགོག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་འབད་བརྩོན་བྱེད་དགོས་ཏེ། མི་སྔར་ལས་མང་བོ་ནད་པ་ཡོད་ས་རུ་བཀོད་སྒྲིག་བྱེད་དགོས་པ་དང་། སྨན་བཅོས་སྒྲིག་ཆས་དང་སྡོད་ཁུལ་སྨན་བཅོས་ལྟེ་གནས། སྨན་བཅོས་མི་སྣ་བཅས་སྔར་ལས་མང་བོ་དགོས་ལ། སྨན་བཅོས་རུ་ཁག་གི་འགུལ་སྐྱོད་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་དུང་མ་དངུལ་སྔར་ལས་མང་བོ་འདོན་སྤྲོད་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་པོ་ལཱ་ནད་དུག་གནད་དོན་གྱི་ཆེད་མངགས་ཕོ་ཉ་ནཱ་པ་ལོ་ཡིས་ཚོགས་འདུའི་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནད་ཡམས་ཚབས་ཆེན་དེར་མཉམ་དུ་ཁ་གཏད་འཇལ་བའི་ཐད་ནས་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས་པ་མ་ཟད། མུ་མཐུད་དུ་ཀུའེ་ནེ་ཡ་དང་ལི་པི་ལི་ཡ། སེ་ར་ལེ་ཨོང་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཉིན་དེར་གསར་འགྱུར་སྒྲོག་ཡིག་ཅིག་གི་ནང་དུ་བཤད་རྒྱུར། སྡོད་ཁུལ་རྨང་གཞིར་བྱས་པའི་ནད་འགོག་བྱེད་ཐབས་ནི་མཇུག་མཐར་ཨེ་པོ་ལཱ་ནད་ཡམས་ལ་ཚོད་འཛིན་བྱེད་པའི་གནད་འགག་ཡིན་པས། བྱིས་པའི་ཐེབས་རྩ་ཚོགས་པས་ཨ་ཧྥེ་རི་ཁ་ནུབ་མ་ནས་སྨན་བཅོས་ལྟེ་གནས་ཆུང་ངུ་འཛུགས་པར་རོགས་རམ་བྱེད་བཞིན་ཡོད། གཟའ་འཁོར་འདི་ལ་སེ་ར་ལེ་ཨོང་ནས་སྐོར་དང་བོའི་སྡོད་ཁུལ་སྨན་བཅོས་ལྟེ་གནས་བཅུ་ལས་ཏེ་འགྲུབ་པ་དང་། ཚོད་དཔག་བྱས་ན་ཟླ་འདིའི་ཟླ་མཇུག་གི་སྔོན་ལ་སྨན་བཅོས་ལྟེ་གནས་བཞི་བཅུ་འཛུགས་ཐུབ་ཟེར།

བྱིས་པའི་ཐེབས་རྩ་ཚོགས་པས་བཤད་རྒྱུར། ལི་པི་ལི་ཡ་ནས་བྲེལ་མྱུར་འཕྲལ་བསྟུན་རུ་ཁག་ཆུང་བ་དག་ནད་པ་གསར་བ་བྱུང་བའི་མཐའ་འཁོབ་ས་ཁུལ་ཁ་ཤས་ལ་བཀོད་སྒྲིག་བྱས་ཏེ། མྱུར་དུ་མི་གཞན་དང་ཁ་འགར་བ་དང་སྨན་བཅོས་བྱེད་པ་སོགས་ཀྱི་འཕྲལ་བསྟུན་བྱེད་ཐབས་སྤྱད་ནས། གཞི་རིམ་ནས་ནད་ཡམས་འགོ་ཚད་ཇེ་ཉུང་དུ་བཏང་ཡོད། ལི་པི་ལི་ཡ་ནས་ད་དུང་དགེ་རྒན་སྟོང་ལྔས་གསོ་སྦྱོང་དང་ལེན་བྱས་ཏེ། ཁྱིམ་ཚང་རེ་རེ་བཞིན་སོང་སྟེ་མི་རྣམས་ལ་ཨེ་པོ་ལཱ་ནད་དུག་ལ་ཁ་གཏད་འཇལ་བའི་རྒྱུན་ཤེས་འཁྲིད་བཞིན་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་སྙན་ཞུ་ལྟར་ན། ཟླ་འདིའི་ཚེས་དགུ་ཉིན་བར་དུ། ནད་ཡམས་བྱུང་བ་ཚབས་ཆེ་སའི་ཀུའེ་ནེ་ཡ་དང་། ལི་པི་ལི་ཡ། སེ་ར་ལེ་ཨོང་བཅས་ནས་བསྡོམས་པས་ཨེ་པོ་ལཱ་ནད་དུག་ཕོག་པར་གཏན་ཁེལ་བྱས་པ་དང་། ཡང་ན་དོགས་པ་ཟ་བའི་ནད་པ་ཁྲི་གཅིག་དང་སྟོང་བཞི་དྲུག་ཅུ་རེ་བརྒྱད་བྱུང་བ་དང་། ནད་པ་སྟོང་ལྔ་དང་བརྒྱ་ར་ཞེ་བདུན་རྐྱེན་ལམ་དུ་ཤོར་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག