མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སྤྱི་ལོ2014ལོར་ཀྲུང་གོ་དང་ཨ་རིའི་འབྲེལ་བར་གོང་འཕེལ་ཆེན་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-11-14 10:53

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ལོ2014ལོའི་ཀྲུང་གོ་དང་ཨ་རིའི་གཙོ་བདག་རྣམ་གཉིས་པེ་ཅིང་དུ་བཞུགས་མོལ་གནང་བ་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཐོག་གི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ཟླ11པའི་ཚེས11ཉིན་གྱི་དགོང་མོར་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་རིའི་ཙུང་ཐུང་ཨའོ་པ་མ་གཉིས་ཀྲུང་ནན་ཧེ་རུ་མཉམ་ཕེབས་མཉམ་གླེང་གི་རྣམ་པ་དེ་ཡུན་རིང་བོ་ཞིག་ལ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་སུ་འཛིན་ངེས་ཡིན་པ་མ་ཟད། སྤྱི་ཟླ11པའི་ཚེས12ཉིན་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་གོ་དང་ཨ་རིའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་བཙུགས་པའི་ཞིབ་ཕྲའི་ཐབས་ལམ་དེའང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཟིན་ཐོ་རུ་འགོད་ངེས་ཡིན་པ་རེད།

རྒྱལ་དོན་འཚམས་འདྲི་ཡོད་པའི་དངོས་གཞིའི་བྱེད་སྒོ་དང་ཁོད་ཡངས་པའི་བྱེད་སྒོ་བཀོད་སྒྲིག་བྱས་པ་དེ་ཡིས། ཞི་ཅིན་ཕིང་དང་ཨའོ་པ་མ་གཉིས་ཀྱིས་ཡུན་རིང་ལ་འབྲེལ་འདྲིས་གནང་བར་གོ་སྐབས་བསྐྲུན་ཞིང་། བཀོད་སྒྲིག་འདི་འདྲ་བ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འགྲོ་འོང་ལོ་རྒྱུས་ཐོག་ཤིན་ཏུ་དཀོན་པ་དང་། འདི་ནི་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ན་ནིང་གི་སྤྱི་ཟླ་དྲུག་པའི་ནང་ཨ་རིའི་ཁ་ནེ་ཧྥུ་ཉི་ཡའི་མངའ་སྡེའི་ཨན་ན་པོ་ཀི་གཞི་སྒར་དུ་ལོ་རྒྱུས་རང་བཞིན་གྱི་བཞུགས་མོལ་གནང་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཕྱི་འབྲེལ་ཁྲོད་ཀྱི་གསར་གཏོད་རང་བཞིན་གྱི་ཇུས་འགོད་ཅིག་ཀྱང་ཡིན་པ་རེད།

ཀྲུང་གོ་དང་ཨ་རིའི་རིམ་པ་ཁག་དང་ཁྱབ་ཁོངས་ཁག་ནས་ཕན་ཚུན་ལ་འབྲེལ་བ་བྱེད་བཞིན་ཡོད་པ་དང་། འགྲོ་འོང་གི་ཚད་ལ་བལྟས་ན། ལོ་གཅིག་གི་རིང་ཕན་ཚུན་གྱི་འགྲོ་འོང་གི་ཐད་མཐོ་རླབས་ཆེན་པོ་འཕྱུར་ཡོད། ན་ནིང་དགུན་ཁའི་དུས་སུ་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་རྗེས་སུ། ཨ་རིའི་ནོར་སྲིད་པུའུ་ཀྲང་གིས་ཙུང་ཐུང་གི་དམིགས་བསལ་སྐུ་ཚབ་ཀྱི་ཐོབ་ཐང་ནས་ཆེད་དུ་ཀྲུང་གོར་ཕེབས་ཏེ་ཀྲུང་གོའི་བསྒྱུར་བཅོས་ལ་རྒྱུས་ལོན་གནང་བ་དང་། དེའི་རྗེས་སུ་ཀྲུང་གོ་དང་ཨ་རིའི་མི་ཆོས་བརྗེ་སྤེལ་གྱི་མཐོ་རིམ་བཞུགས་མོལ་དེ་ཡང་ཨ་རི་རུ་འཚོགས་ཡོད་པ་མ་ཟད། ཨ་རིའི་ཙུང་ཐུང་གཞོན་པ་པེ་ཏེན་ཀྲུང་གོར་འཚམས་འདྲིར་ཕེབས་པ་དང་། དེ་ནས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ཚོགས་ཀྱང་པེ་ཅིང་དུ་མཇུག་སྒྲིལ་བ་བཅས་ཡིན་པ་རེད།

ད་ལོའི་དབྱར་ཁར། ཀྲུང་གོ་དང་ཨ་རིའི་ཐབས་ཇུས་དང་དཔལ་འབྱོར་གླེང་མོལ་རེས་སྐོར་དྲུག་པ་དང་། ཀྲུང་གོ་དང་ཨ་རིའི་མི་ཆོས་ཀྱི་མཐོ་རིམ་བཞུགས་མོལ་རེས་སྐོར་ལྔ་བ་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་གཉིས་ཀྱི་པུའུ་ཀྲང་རིམ་པའི་དཔོན་མི་བཅུ་ལྷག་གི་བཞུགས་མོལ་གནང་ཡོད་པ་རེད། སྟོན་དུས་ལ་སླེབས་ཚུན་ཀྲུང་གོ་དང་ཨ་རིའི་ཕྱི་འབྲེལ་དཔོན་མིའི་ཕན་ཚུན་འགྲོ་འོང་དེ་གཙོ་བདག་གཉིས་ཀྱི་བཞུགས་མོལ་གནང་བར་རྨང་གཞི་བཏིང་བ་དང་། ཨ་རིའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ལེད་སི་དང་རྒྱལ་དོན་བློན་ཆེན་ཁི་ལེ་སོགས་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲིས་གནང་བ་ཕེབས་ཤིང་། ཀྲུང་གོའི་རྒྱལ་དོན་ཨུ་ཡོན་ཡང་ཅེ་ཁྲི་དང་ཕྱི་འབྲེལ་པུའུ་ཀྲང་བང་ཡེ་སོགས་ཀྱང་ཨ་རིར་འཚམས་འདྲིར་ཕེབས་མྱོང་ཡོད་པ་རེད།

ཀྲུང་གོ་དང་ཨ་རིའི་གཙོ་བདག དེ་མིན་རིམ་པ་ཁག་གི་ཕན་ཚུན་གྱི་འགྲོ་འོང་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་གཏིང་ཟབ་སྒོས་མཉམ་འདྲེས་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་གལ་ཆེན་རང་བཞིན་མུ་མཐུད་དུ་ཕེབས་བའི་འབྲས་བུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་མིག་སྔའི་འཛམ་གླིང་ཐོག་ནུས་ཤུགས་ཆེས་ཆེར་ལྡན་པའི་ཕྱོགས་གཉིས་འབྲེལ་བ་ཞིག་ཡིན་པ་རེད། རྒྱལ་ཁབ་གཉིས་ཀྱི་མི་འབོར་གྱིས་འཛམ་གླིང་གི་མི་འབོར་ཡོངས་ཀྱི་བཞི་ཆའི་གཅིག་ཟིན་པ་དང་། དཔལ་འབྱོར་སྤྱི་འབོར་གྱིས་འཛམ་གླིང་གི་གསུམ་ཆའི་གཅིག་ཟིན་ཡོད་པ་མ་ཟད། དཔལ་འབྱོར་ཉོ་ཚོང་གི་འབོར་ཚད་ཀྱིས་ཀྱང་འཛམ་གླིང་གི་ལྔ་ཆའི་གཅིག་ཟིན་ཡོད་པས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ཡིས་མ་འོངས་པར་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་ཡིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག